ལིས་ཆང་གིས་ཞིང་ས་ཆུ་བེད་དང་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་བྱ་བར་སྐུལ་འདེད་གཏོང་རྒྱུའི་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།
2024.11.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ11པའི་ཚེས12ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་དགུན་དཔྱིད་ཞིང་སའི་ཆུ་བེད་དང་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་གྱི་བརྙན་འཕྲིན་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཞིང་ས་ཆུ་བེད་དང་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་བྱ་བར་སྐུལ་འདེད་གཏོང་རྒྱུའི་ཐད་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་། མཆན་བཀོད་མཛུབ་སྟོན་ལས་བསྟན་དོན། ཞིང་ས་ཆུ་བེད་དང་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་བྱ་རྒྱུ་ནི་ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། ཐན་ཞོད་ཀྱི་གནོད་འཚེ་ལ་ཁ་གཏད་ནུས་ལྡན་འཇལ་བ་དང་ལོ་ལེགས་འབྱུང་བའི་ཐད་ནུས་པ་གལ་ཆེན་ཐོན་ཡོད། མིག་སྔར། རྒྱལ་ཡོངས་ཀྱི་ས་ཁུལ་མང་ཆེ་བ་དགུན་དཔྱིད་ཞིང་ས་འཛུགས་སྐྲུན་གྱི་གནད་འགག་གི་དུས་སྐབས་སུ་སླེབས་ཡོད་པས། ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་དོན་འཁྱོལ་གཏིང་ཟབ་བྱེད་པ། ཆུས་གཏོར་སྐྱོན་ཐེབས་པའི་ཞིང་སའི་སྒྲིག་བཀོད་སླར་གསོ་བྱེད་རྒྱུ་དམ་འཛིན་བྱེད་པ། ཞིང་སའི་ཆུ་རྐ་བཅོས་སྐྱོང་དང་ཞོད་སྐྱོན་བྱུང་ཁུལ་བཅོས་སྐྱོང་བྱེད་པར་ཤུགས་སྣོན་པ། ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་མ་ལག་འཐུས་ཚང་དུ་གཏོང་བར་ཤུགས་སྣོན་པ། ཞིང་ལས་ཀྱི་གནོད་འགོག་གེགས་སེལ་གྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། འཛུགས་སྐྲུན་དང་། ཞིབ་བཤེར་རྩིས་ལེན། དོ་དམ་སྲུང་སྐྱོབ་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། འཁོར་ཡུན་ཡོངས་ཀྱི་སྤུས་ཚད་ལ་དོ་དམ་ནན་མོ་བྱེད་པ། དངུལ་གཏོང་ལ་འགན་སྲུང་བརྟན་པོ་བྱེད་པ། ཞིང་པ་མང་ཚོགས་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཧུར་ཐག་གིས་ཞུགས་པར་ཁྲིད་སྟོན་བཅས་བྱས་ཏེ། ཆ་རྐྱེན་འཛོམས་པའི་ཞིང་ས་སྔར་ལས་མང་པོ་ཚད་གཞི་མཐོ་བའི་ཞིང་ས་རུ་བསྒྱུར་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཙུང་ལི་ལིས་ཆང་གི་བླང་བྱ་དོན་འཁྱོལ་བྱེད་པ། ཞིང་ས་ཆུ་བེད་དང་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དང་ཞིང་སའི་གནོད་འཚེ་འགོག་སེལ་གྱི་ནུས་པ་སྔར་ལས་ཆེ་རུ་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་ལེན་དང་། ཞིང་ལས་སྟོབས་ལྡན་རྒྱལ་ཁབ་མྱུར་མོར་འཛུགས་སྐྲུན་བྱེད་ཆེད་རྨང་གཞི་བརྟན་པོ་འདིང་དགོས། 

ལིའུ་གོ་ཀྲུང་གིས་ནན་གྱིས་བསྟན་དོན། འབྲུ་རིགས་ཀྱི་ཐོན་ནུས་མཐོར་འདེགས་གཏོང་བའི་གཞི་རྩའི་ཕྱོགས་སྟོན་དེ་དམ་འཛིན་ནན་མོ་བྱེད་པ་དང་། དངོས་སྒྲུབ་ནུས་མཐོ་ཡི་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། བཟོ་སྐྲུན་སྤུས་ཚད་ཀྱི་འགག་སྒོ་ནན་མོར་སྲུང་བ། མ་དངུལ་ལ་ལྟ་སྐུལ་དོ་དམ་ནན་མོ་བྱེད་པ། ཞན་ཆ་མགྱོགས་མྱུར་ངང་གསབ་པ་བཅས་བྱས་ནས་སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་ལོ་འཁོར་གྱི་འཛུགས་སྐྲུན་ལས་འགན་ཡག་པོར་སྒྲུབ་དགོས། རྒྱལ་ཡོངས་ཀྱི་ས་གཤིས་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པ་བྱ་རྒྱུར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང་། རྨོ་ཞིང་ཁ་གསབ་ཀྱི་སྤུས་ཚད་ཞིབ་བཤེར་རྩིས་ལེན་ལམ་སྲོལ་དུས་ཚོད་དམ་འཛིན་གྱིས་འཐུས་ཚང་དུ་བཏང་སྟེ་ཡུལ་བབ་དང་བསྟུན་ནས་རྨོ་ཞིང་ཉམས་ཞན་དུ་འགྲོ་བར་ཕྱོགས་བསྡུས་བཅོས་སྐྱོང་བྱ་རྒྱུར་ཤུགས་སྣོན་དགོས། ཞིང་ཆུ་གཏོང་ཁུལ་དང“ཆུ་བེད་ཆུང་གྲས་ལྔ”འཛུགས་སྐྲུན་དང་སྒྱུར་བཀོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིང་སའི་ཆུ་རྐ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་ལས་ཐད་ཆུ་གྲོན་ཆུང་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱ་དགོས། སྤུས་ཚད་མཐོ་བའི་ངང་ཆུ་བེད་བཟོ་སྐྲུན་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། བཟོ་སྐྲུན་མྱུར་ཚད་ལ་འགན་ལེན་ནུས་ལྡན་བྱས་ནས་སྤུས་ཚད་ལྟ་སྐུལ་དོ་དམ་དེ་བཟོ་སྐྲུན་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ལྷུ་ཚིགས་སོ་སོར་ཁྱབ་པར་བྱེད་དགོས། གྲོང་གསེབ་ཀྱི་ཆུ་མཁོ་འདོན་བཟོ་སྐྲུན་འཛུགས་སྐྲུན་སྒྱུར་བཀོད་དང་ཆུའི་སྤུས་ཚད་མཐོར་འདེགས་གཏོང་རྒྱུ་མུ་མཐུད་དུ་དམ་འཛིན་ཡག་པོ་བྱེད་པ་དང་། འཕྲལ་བསྟུན་ཆུ་མཁོ་འདོན་གྱི་འགན་ལེན་མ་ལག་འཐུས་ཚང་དུ་བཏང་ནས་འཐུང་ཆུའི་བདེ་འཇགས་ཀྱི་ཚད་མཐའ་མཐའ་གཅིག་ཏུ་སྲུང་དགོས། འགན་འཁྲི་དོན་འཁྱོལ་ནན་མོ་བྱེད་པ་དང་། བཅོས་སྒྱུར་གསར་གཏོད་གཏིང་ཟབ་ཏུ་གཏོང་བ། ལས་དོན་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ལས་འགན་སོ་སོ་གོ་རིམ་ལྡན་པའི་ངང་ལག་བསྟར་བྱ་རྒྱུར་འགན་ལེན་བྱེད་དགོས།

ལིའུ་གོ་ཀྲུང་གིས་ནན་གྱིས་བསྟན་དོན། ལོ་མཇུག་ཏུ“ཞིང་གསུམ”བྱ་བའི་གོ་རིམ་མང་བ་དང་ལས་འགན་ལྕི་བས། དགུན་དཔྱིད་ཀྱི་ཞིང་ལས་ཐོན་སྐྱེད་དང“ཤ་ཚལ་སྒོང་གསུམ”གྱི་ཐོན་རྫས་ཁྲོམ་རར་མཁོ་སྤྲོད་བྱ་རྒྱུ་དམ་འཛིན་ཡག་པོ་བྱེད་པ་དང་། སྟོན་འབྲུ་ཉོ་སྒྲུབ་བྱ་བར་སྒྲིག་འཛུགས་ཞིབ་ཚགས་བྱེད་པ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ། གྲོང་གསེབ་ཀྱི་གཞི་རྩའི་དམངས་འཚོར་འགན་ལེན་ཡག་པོ་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་སང་ལོའི་ཞིང་ལས་ཞིང་སྡེའི་བྱ་བར་ཇུས་འགོད་བཅས་བྱེད་དགོས།

  ཤ་བོ་གསེར་མཚོས་བསྒྱུར།