ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ11པའི་ཚེས13ཉིན་ཧི་པེ་རུ་རྟོག་ཞིབ་མཛད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་པེ་ཅིང་དང་། ཐེན་ཅིན། ཧི་པེ་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། གསར་སྐྲུན་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་དང་། ཕྱོགས་ཡོངས་ནས་ལྗང་མདོག་ཚུལ་སྒྱུར་ཇེ་མགྱོགས་སུ་གཏོང་བ། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་བཅས་བྱས་ནས། པེ་ཅིང་དང་། ཐེན་ཅིན། ཧི་པེ་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་ཁྲོད་བྱས་རྗེས་གསར་པ་འཇོག་དགོས་ཞེས་ནན་གྱིས་བསྟན།
ཞུང་ཨན་ཁུལ་གསར་དུ་ལིས་ཆང་ཐོག་མར་ཀྲུང་གོའི་འཁོར་སྐར་དྲ་རྒྱའི་སྡེ་ཚོགས་སུ་ཕེབས་ནས་ཁེ་ལས་འཛུགས་སྐྲུན་གཉེར་སྐྱོང་དང་། འཁོར་སྐར་འཕྲིན་སྦྲེལ་དྲ་བའི་ཐོན་ལས་འཕེལ་རྒྱས་སོགས་ཀྱི་ངོ་སྤྲོད་ལ་གསན་པ་དང་། སྐར་མའི་དྲ་བའི་མ་ལག་འཁོར་སྐྱོད་དང་བེད་སྤྱོད་བྱས་ཚུལ་ལ་གཟིགས་ཞིབ་གནང་། ལིས་ཆང་གིས་ཐོན་ལས་གཅིག་བསྡུས་ནི་གྲོང་ཁྱེར་འཕེལ་རྒྱས་གཏོང་བའི་རྨང་གཞི་ཡིན་ཞིང་། པེ་ཅིང་གི་རྒྱལ་སའི་བྱེད་ནུས་མིན་པ་དང་ལེན་དང་གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་གཅིག་བསྡུས་བྱེད་པར་ཕན་པའི་སྒྲིག་སྲོལ་དང་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། མཚོན་རྟགས་རང་བཞིན་གྱི་མཐུན་སྦྱོར་ལེགས་སྒྲིག་ལས་གཞི་དོན་ཐོག་ཏུ་འཁྱོལ་བར་ཧུར་ཐག་གིས་སྐུལ་འདེད་གཏོང་བ། འགྲན་རྩོད་ནུས་པ་དང་སྐུལ་ཁྲིད་ནུས་པ་ཆེན་པོ་ལྡན་པའི་ཁེ་ལས་སྔར་ལས་མང་པོ་བཅའ་སྡོད་བྱེད་པར་འགུག་ཐབས་དང་ཕུལ་དུ་བྱུང་བའི་ཤེས་ལྡན་མི་སྣ་རྒྱ་ཁྱབ་ཏུ་བསྡུ་ལེན་བྱེད་པ། མཐོ་གསར་ཐོན་ལས་ཀྱི་མ་ལག་གསོ་སྐྱོང་བཅས་བྱས་ཏེ། ཞུང་ཨན་ཁུལ་གསར་འཕེལ་རྒྱས་ཡོང་བར་སྒུལ་ཤུགས་གསར་པ་སྣོན་དགོས་ཞེས་བསྟན། དགུན་སྟོད་ཀྱི་པེ་དབྱང་ཏེན་མཚེའུ་སྔོ་ལྟེམ་མེར་འཁྱིལ་ཡོད། ལིས་ཆང་པེ་དབྱང་ཏེན་དུ་ཕེབས་ནས་པེ་དབྱང་ཏེན་གྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དང་སྲུང་སྐྱོབ་བྱས་ཚུལ་ལ་རྒྱུས་ལོན་ཞིབ་མོ་གནང་བ་དང་། ཆུའི་སྤུས་ཚད་དཔེ་འདེམས་ཞིབ་བཤེར་ཚད་ལེན་བྱས་འབྲས་ལ་གཟིགས་ཞིབ་གནང་བ་མ་ཟད། པེ་དབྱང་ཏེན་གྱི་ཆུའི་སྐྱེ་ཁམས་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་འགྲོ་བཞིན་ཡོད་པར་བསྔགས་བརྗོད་གནང་། ལིས་ཆང་གིས་སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་ཞུང་ཨན་ཁུལ་གསར་གྱི་རིན་ཐང་གལ་ཆེན་ཡིན་ཞིང་། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། པེ་དབྱང་ཏེན་དང་སྟོད་རྒྱུད་དང་སྨད་རྒྱུད་མཐུན་སྦྱོར་སྲུང་སྐྱོབ་དང་སྐྱེ་ཁམས་སྤྱི་ཡོངས་ནས་སླར་གསོ་བྱེད་པར་སྐུལ་འདེད་བཏང་ནས། རང་བྱུང་སྐྱེ་ཁམས་ཀྱི་ཁྱད་སྟོབས་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱད་སྟོབས་སུ་འགྱུར་བར་བྱེད་དགོས་ཞེས་གསུངས།
ལིས་ཆང་གིས་ཏང་ཀྲུང་དབྱང་གི་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་བྱེད་པའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་དང་། གྲོང་ཁྱེར་གྱི་བྱེད་ནུས་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་བ། དེང་རབས་ཅན་གྱི་སྡོད་བདེ་ལས་འཚམ་གྱི་ཁོར་ཡུག་བསྐྲུན་པ། ལས་རྣམ་གསར་པ་དང་དཔེ་དབྱིབས་གསར་པ་ཧུར་ཐག་གིས་འཕེལ་རྒྱས་གཏོང་བ། འཕར་གཞི་གསར་པ་སྐྱེད་སྲིང་བཅས་བྱས་ཏེ། རིག་ནུས་དང་། ལྗང་མདོག གསར་སྐྲུན་བཅས་ཞུང་ཨན་ཁུལ་གསར་གྱི་བཀྲག་མདངས་འཚེར་བའི་མིང་བྱང་ཞིག་ཏུ་བསྐྲུན་དགོས་ཞེས་ནན་གྱིས་བསྟན།
པའོ་ཏེན་དུ་ལིས་ཆང་ཐུང་ཀོང་གློག་འདྲེན་ཕྱེད་གཟུགས་མ་རྐང་ཚད་ཡོད་ཀུང་སིར་ཕེབས་ནས་ཁེ་ལས་ཀྱི་ཚན་རྩལ་གསར་སྐྲུན་གྱི་འཕེལ་རིམ་ཡར་ཞུར་གསན་རྗེས། ཤེལ་གཟུགས་འཁོར་ཁང་དུ་བཟོ་རྩལ་གྱི་བརྒྱུད་རིམ་ལ་རྒྱུས་ལོན་དང་། འབྲེལ་ཡོད་ལག་རྩལ་གྱི་དམིགས་ཚད་ཞིབ་འདྲི་གནང་། ལིས་ཆང་གིས་ཁེ་ལས་ལ་མདུན་གྲལ་གྱི་འཕེལ་ཕྱོགས་ཁོང་དུ་ཆུད་པ་དང་། ཞིབ་འཇུག་གསར་སྤེལ་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། འགག་རྩའི་ལྟེ་བའི་ལག་རྩལ་གྱི་དཀའ་གནད་ཧུར་ཐག་གིས་སེལ་བ་བཅས་བྱས་ནས། འགྲན་རྩོད་ཀྱི་ཁྱད་སྟོབས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་སྐུལ་ལྕག་གནང་། ལིས་ཆང་ཀྲའོ་ཀྲོའུ་གྲོང་ཁྱེར་གྱི་ཞའོ་ཆིན་གཙང་བོའི་ཆུ་ལོག་འགྲེམ་ཁུལ་གྱི་ཆུ་རགས་ལྷོ་མ་འཛུགས་སྐྲུན་ལས་གཞིའི་ཡུལ་དངོས་སུ་ཕེབས་ནས་ལས་གཞིའི་འཕེལ་རིམ་གསར་བར་གཟིགས་ཞིབ་གནང་བ་དང་། ཧི་པེ་ཞིང་ཆེན་གྱི་གནོད་ཤུལ་བསྐྱར་སྐྲུན་གྱི་ཆུ་བེད་ལས་གཞི་གལ་ཆེན་སོགས་ཀྱི་གནས་ཚུལ་ཡར་ཞུར་གསན་པ་དང་། ཇུས་འགོད་ཨར་ལས་ཀྱི་ལྟ་སྐུལ་དོ་དམ་མི་སྣ་དང་བརྗེ་རེས་མཛད། ལིས་ཆང་གིས་ན་ནིང་ཧི་པེ་ཞིང་ཆེན་ལ་ལོ་རྒྱུས་ཐོག་སྟེང་དཀོན་པའི་དྲག་ཆར་དང་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་ཐེབས་ནས་གནོད་ཤུལ་སླར་གསོ་བསྐྱར་སྐྲུན་གྱི་དུས་ཚོད་ཐུང་ལ་ལས་འགན་ལྕི། ཁང་པ་བསྐྱར་སྐྲུན་དང་། ཉམས་གསོ་བརྟན་གཏོང་། གཞུང་ལམ་ཉམས་གསོ་རིམ་སྤོར་སོགས་ཀྱི་ལས་འགན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང་། ཆུ་ལོག་སྔོན་འགོག་བཟོ་སྐྲུན་གྱི་མ་ལག་འཆར་འགོད་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་པ། ཆུ་ལམ་གཤོང་བ་དང་། ཆུ་རགས་བརྟན་གཏོང་། ཆུ་མཛོད་བཀོད་སྒྲིག་སོགས་ཀྱི་ལས་དོན་ཏན་ཏིག་གིས་ཡག་པོར་སྒྲུབ་པ། སྤུས་ཚད་ཀྱི་འགག་སྒོ་ནན་མོར་སྲུང་བ་བཅས་བྱས་ཏེ། ཆུ་ལོག་ཆེན་པོ་དང་ཉེན་ཁ་ཆེན་པོ་སྔོན་འགོག་བྱེད་པའི་ནུས་པ་དངོས་གནས་ཆེ་རུ་གཏོང་དགོས་ཞེས་གསུངས་། ལིས་ཆང་གིས་ས་གནས་ཀྱི་ལས་བྱེད་པར་དགུན་ཁར་གནོད་འཚེ་ཐེབས་པའི་མང་ཚོགས་ཀྱི་འཚོ་བ་འགན་སྲུང་བྱེད་པའི་བྱ་བར་བསམ་བློ་ཞིབ་མོ་གཏོང་བ་དང་། བྱ་བ་རེ་རེ་བཞིན་དོན་འཁྱོལ་ཡག་པོ་བྱས་ནས། ཁོ་ཚོ་བདེ་འཇགས་ངང་དགུན་ལས་སྒྲོལ་ཐུབ་པར་འགན་ལེན་བྱེད་དགོས་པའི་མངགས་བཅོལ་གནང་།
ལིས་ཆང་གིས་ཧི་པེ་ཡི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། ཧི་པེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཧི་པེ་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་མཐར་ཕྱིན་བྱས་ཏེ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་སྙིང་སྟོབས་ཆེར་བསྐྱེད་ཀྱིས་ལས་དོན་བསྒྲུབས་ནས་རྒྱལ་ཡོངས་འཕེལ་རྒྱས་གཏོང་བའི་ཁྱོན་ཡོངས་ལ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་བླང་བྱ་བཏོན།
ཝུའུ་ཀྲིན་ལུང་མཉམ་དུ་རྟོག་ཞིབ་ལ་ཞུགས།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།