ཟླ11པའི་ཚེས14ཉིན། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་རུ་ཁག་འཛུགས་སྐྲུན་བྱ་བའི་ཚོགས་འདུ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ལིའུ་ཆི་ཧྥན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ། བློ་དཀར་གཞུང་དྲང་ཁག་ཁུར་ཅན་གྱི་ཞིབ་དཔྱོད་རུ་ཁག་མུ་མཐུད་དུ་སྒྲིག་འཛུགས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཡོངས་ཀྱི་ཆེད་དུ་ཞབས་འདེགས་ཞུ་བ་དང་། མི་དམངས་ཀྱིས་ཁྲིམས་འཛིན་བྱེད་པ། ཁྲིམས་སྐྱོང་གི་ཆེད་དུ་ཁག་ཁུར་བཅས་བྱས་ནས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་འབད་པས་འབྲི་བར་བྱས་རྗེས་གསར་པ་སྔར་ལས་མང་པོ་འཇོག་དགོས་ཞེས་ནན་གྱིས་བསྟན།
ལིའུ་ཆི་ཧྥན་གྱིས་ཞིབ་དཔྱོད་ལས་ཁུངས་ནི་ཏང་གི་འགོ་ཁྲིད་བརྟན་པོའི་འོག་གི་ཆབ་སྲིད་ལས་ཁུངས་དང་། ཁྲིམས་ལུགས་ལྟ་སྐུལ་ལས་ཁུངས། ཁྲིམས་འཛིན་ལས་ཁུངས་བཅས་ཡིན་པས། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཆབ་སྲིད་ལ་བློ་དཀར་བ་དེ་རུ་ཁག་འཛུགས་སྐྲུན་གྱི་རྩ་བ་དང་སྲོག་རྩ་ལྟ་བུར་བརྩི་བ། ཆབ་སྲིད་ཀྱི་ཁྲིད་སྟོན་ལ་བརྟེན་ནས་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། ཚན་རིག་གི་གཞུང་ལུགས་ལ་བརྟེན་ནས་བློ་སེམས་གཅིག་སྡུད་བྱེད་པ། ཆབ་སྲིད་ཀྱི་ཚད་གཞིར་བརྟེན་ནས་ཁ་ཕྱོགས་ནན་འཛིན་བཅས་བྱས་ཏེ། བློ་དཀར་དང་རྣམ་དག ཡིད་རྟོན་ཆོག་པ་བཅས་བྱེད་པ་དང་། གཏན་ཕབ་གཉིས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ། སྲུང་སྐྱོང་གཉིས་ལྷག་བསམ་རྣམ་དག་གིས་ལག་བསྟར་བྱེད་དགོས། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱེད་པ། ཐོག་མཐའ་བར་གསུམ་དུ་ཞིང་ཆེན་ཡོངས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དེ་རུ་འཛུགས་སྐྲུན་གྱི་ཤུགས་འདོན་ས་དང་རྐང་འཛུགས་སར་བརྩི་བ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། སྤྱི་ཚོགས་བརྟན་བརླིང་། དམངས་ཚིས་འགན་སྲུང་སོགས་ཀྱི་བྱ་བར་གཞིགས་ནས། ཁག་ཁུར་ཐུབ་པ་དང་བྱ་བ་སྒྲུབ་མཁས་པ། བྱས་རྗེས་འཇོག་ཕོད་པ་བཅས་བྱས་ཏེ། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཁྲིམས་འཛིན་གྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས། འཇོན་མིར་ཞིབ་བཤེར་བྱེད་པ་རྒྱུན་འཁྱོངས་དང་། ཏང་དང་རྒྱལ་ཁབ་ལ་ཞབས་འདེགས་ཞུ་བའི་བྱ་གཞག་གི་དགོས་མཁོ་དང་། ཏང་གི་ཞིབ་དཔྱོད་བྱ་གཞག་གི་དགོས་མཁོ། ཁྲིམས་ལུགས་ལྟ་སྐུལ་བྱ་བའི་དགོས་མཁོ་བཅས་ལ་དམིགས་ནས། འཇོན་མི་འགུག་པའི་བྱེད་ཐབས་འདོན་པ་དང་། འཇོན་མི་སྐྱེད་སྲིང་གི་རྐྱེན་སྲོལ་འཛུགས་པ། འཇོན་མི་བཀོལ་བའི་གར་སྟེགས་བསྐྲུན་པ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་འཇོན་མི་སྐྱེད་སྲིང་བྱེད་པ་དང་། བྱང་ཚད་མཐོ་ཞིང་ལས་སྒོར་བྱང་ཆ་ཡོད་པ། འཇོན་ཐང་ལྡན་པ་བཅས་ཀྱི་འཇོན་མི་གསོ་སྐྱོང་བྱས་ནས། ཞིབ་དཔྱོད་བརྒྱུད་རིམ་ཁྲོད་ནས་འཇོན་མི་སྐྱེད་སྲིང་བྱེད་པ་དང་འཇོན་མིའི་ཞིབ་དཔྱོད་བྱ་བར་གྲུབ་འབྲས་ལེན་པའི་སྣང་ཚུལ་ལེགས་པོ་ཆགས་པར་སྐུལ་འདེད་གཏོང་དགོས། རང་ངོས་གསར་བརྗེ་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་དེ་ཞིབ་དཔྱོད་རུ་ཁག་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་བོ་དང་གོ་རིམ་སོ་སོར་ཇི་མ་ཇི་བཞིན་དུ་དོན་འཁྱོལ་བྱེད་པ། ཕྱོགས་ཡོངས་ནས་ཞིབ་དཔྱོད་ནན་སྐྱོང་བྱེད་པའི་མ་ལག་འཐུས་ཚང་འཛུགས་པ་དང་། འགོ་ཁྲིད་ཀྱིས་རུ་ཁག་གི་སྣེ་ཁྲིད་ལེགས་པོ་བྱེད་པ་དམ་འཛིན་བྱེད་པ། དོ་དམ་ནན་མོ་བྱེད་པ་དང་དགའ་ཞེན་ཟབ་མོ་བཅངས་པ་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྤྱོད་བཟང་སྲོལ་གཙང་དང་། སྒྲིག་ལམ་ནན་མོ། སྤྱོད་ཚུལ་ལེགས་པོ་བཅས་བྱས་ནས། ཞིབ་དཔྱོད་བྱ་གཞག་ཡུན་རིང་འཕེལ་རྒྱས་འགྲོ་བར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས་ཞེས་བསྟན།
ཞིང་ཆེན་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཞིབ་དཔྱོད་དཔོན་པོ་ཀྲ་ཆིན་ཅིའུ་ཡིས་ཚོགས་འདུར་འགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་དམངས་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གྲོས་གཞུང་སྒྲུབ་ཐིན་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཁོངས་མི་དང་། སྡེ་ཁག་སོ་སོའི་འགན་འཁུར་མི་སྣ་གཙོ་བོ། གྲོང་ཁྱེར་དང་ཁུལ་སོ་སོའི་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་དང་ཆབ་སྲིད་པུའུ་ཡི་ཀྲུའུ་རིན། གཞི་རིམ་ཞིབ་དཔྱོད་ཁང་སོ་སོའི་ཞིབ་དཔྱོད་དཔོན་པོ་བཅས་ཚོགས་འདུར་ཞུགས།
ལྷ་མོ་འཚོས་བསྒྱུར།