ཞི་ཅིན་ཕིང་གིས་ནེའུ་ཙི་ལན་གྱི་ཙུང་ལི་ལཱ་ཁི་སིན་ལ་མཇལ་འཕྲད་གནང་།
2024.11.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ས་དེའི་དུས་ཚོད་ཟླ11པའི་ཚེས15ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕེ་རུའི་རྒྱལ་ས་ལི་མ་རུ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་པའི་རིང་ལ། ནེའུ་ཙི་ལན་གྱི་ཙུང་ལི་ལཱ་ཁི་སིན་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ལོ་ངོ10ཡི་སྔོན་ལ། ངས་ནེའུ་ཙི་ལན་དུ་འཚམས་འདྲི་བྱེད་སྐབས་ཕྱོགས་གཉིས་ཀས་རྒྱལ་ཁབ་གཉིས་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་འཛུགས་རྒྱུ་ཐག་བཅད་ཡོད། ལོ་ངོ10ཡི་རིང་ལ། ཀྲུང་གོ་དང་ནེའུ་ཙི་ལན་གྱི་འབྲེལ་བས་བདེ་ཐང་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་བྱུང་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་ཆེན་པོ་བསྩལ་ཡོད་པས། འབྲེལ་བ་འདིར་གཅེས་འཛིན་གང་ལེགས་བྱེད་འོས་པ་ཞིག་རེད། ཀྲུང་གོ་དང་ནེའུ་ཙི་ལན་རྒྱལ་ཁབ་གཉིས་ནི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཁོངས་གཏོགས་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་ཁབ་གཉིས་ཀའི་བར་དཔལ་འབྱོར་གྱི་ཕན་གསབ་རང་བཞིན་དང་གཉིས་ཕན་རང་བཞིན་ཆེ་ཞིང་། ཕྱོགས་གཉིས་ཀའི་བར་ལོ་རྒྱུས་ཀྱི་ཆགས་སྡང་མེད་པ་དང་རྩ་བའི་ཁེ་ཕན་གྱི་གདོང་ཐུག་མེད་པའི་དབང་གིས། ཕན་ཚུན་གོ་སྐབས་དང་ཟླ་གྲོགས་སུ་བརྩི་དགོས་པ་ལས་འགྲན་སློང་ངམ་འཇིགས་སྐུལ་གཏན་ནས་བྱེད་མི་རུང་ལ། བརྟན་བརླིང་དང་བདེན་གཉེར་གྱི་སྒོ་ནས་མི་མཐུན་སར་དོ་དམ་ཚོད་འཛིན་ཡང་དག་བྱེད་པ་ལས། མི་མཐུན་སར་ཁ་གཡར་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ལྟ་སྟངས་བཟུང་མི་འོས། ཀྲུང་གོ་ཕྱོགས་ཀྱིས་ནེའུ་ཙི་ལན་ཕྱོགས་དང་མཉམ་དུ། “སྔོན་ཐོན་བརྩོན་ལེན”གྱི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་ནས། ཕན་ཚུན་བརྩི་འཇོག་དང་ཕན་ཚུན་བསྟུན་མཁས། མཉམ་ལས་ལ་རྩེ་གཅིག་ཏུ་དམིགས་པ། མཉམ་དུ་འཕེལ་རྒྱས་བཅས་ཀྱི་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་མཉམ་སྐྲུན་བྱས་ཏེ། རང་སོ་སོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་ཀའི་ས་གནས་དང་གཞོན་ནུ། སྨྱན་བྱད། ཆེད་མཁས་པ་སོགས་ལས་རིགས་སོ་སོས་བྱེད་ཐབས་སྣ་ཚོགས་བརྒྱུད་དེ། ཕན་ཚུན་བར་གྱི་བརྗེ་རེས་ལ་ཤུགས་སྣོན་པ་དང་རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་མཛའ་མཐུན་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནེའུ་ཙི་ལན་ཐོངས་མཆན་འགོད་མི་དགོས་པའི་ཁྱབ་ཁོངས་ནང་བཅུག་ནས། ནེའུ་ཙི་ལན་གྱི་གྲོགས་པོ་སྔར་ལས་གང་མང་ཀྲུང་གོ་རུ་ཡོང་ནས་ལས་ཀ་གཉེར་བ་དང་ཡུལ་སྐོར་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ནེའུ་ཙི་ལན་ཕྱོགས་དང་མཉམ་དུ། མཉམ་འབྲེལ་རྒྱལ་ཚོགས་དང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས། འཛམ་གླིང་ཚོང་དོན་རྩ་འཛུགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་གི་མཐུན་སྦྱོར་མཉམ་ལས་ལ་ཤུགས་བསྣན་ནས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་བརྟན་བརླིང་ལ་མཉམ་དུ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་ནན་གྱིས་གསུངས།

ལཱ་ཁི་སིན་གྱིས་ནེའུ་ཙི་ལན་དང་ཀྲུང་གོའི་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་རྒྱུར་རྩེ་གཅིག་ཏུ་གཞོལ་ནས། ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུས་ཏེ། ཀྲུང་གོ་ཕྱོགས་དང་མཉམ་དུ། མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱེད་རྒྱུ་དང་། དཔལ་འབྱོར་ཚོང་དོན་དང་ལྗང་མདོག་འཕེལ་རྒྱས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་སོགས་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ཕྱོགས་ཡོངས་ནས་ཟབ་སྤེལ་གཏོང་འདོད་ཡོད་ཅིང་། ཀྲུང་གོ་ཕྱོགས་དང་མཉམ་དུ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་ལམ་སྲོལ་ནང་གི་འབྲེལ་གཏུག་དང་གཞོགས་འདེགས་ལ་ཤུགས་སྣོན་པ། ས་ཁོངས་ཚོང་དོན་གྱི་རང་དབང་དང་སྒོ་འབྱེད་ལ་མཉམ་དུ་སྲུང་སྐྱོབ་བྱས་ཏེ། ས་ཁུལ་གྱི་དར་རྒྱས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

ཚའེ་ཆི་དང་ཝང་དབྱི་སོགས་མཇལ་འཕྲད་ལ་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།