ས་དེའི་དུས་ཚོད་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལི་མ་རུ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཀྱི་སྐབས་སུ་ཀྲི་ལིའི་ཙུང་ཐུང་པོ་ལིས་ཆི་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲི་ལི་ནི་ཨ་མེ་རི་ཁ་ལྷོ་མའི་ཀྲུང་གོ་གསར་པར་འབྲེལ་བ་བཙུགས་པའི་རྒྱལ་ཁབ་ཐོག་མ་ཡིན། དུས་རབས་ཕྱེད་ཀྱི་རིང་ལ། ཕྱོགས་གཉིས་ཀྱིས་མཐའ་གཅིག་ཏུ་ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་སེམས་ཁུར་བྱེད་ས་གལ་ཆེན་ལ་རྒྱབ་སྐྱོར་བྱས་པ་དང་། ཕན་ཚུན་ཡིད་ཆེས་བྱེད་པའི་གྲོགས་པོ་བཟང་པོ་དང་། མཉམ་ལས་གཉིས་རྒྱལ་ཡོང་བའི་ཟླ་གྲོགས་བཟང་པོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སང་ལོའི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འཁོར་བ་གོ་སྐབས་སུ་བཟུང་ནས། འཐབ་ཇུས་འབྲེལ་འདྲིས་ཟབ་མོ་བྱེད་པ་དང་། དངོས་གཉེར་མཉམ་ལས་གཏིང་ཟབ་བྱས་ནས། འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་ཏེ། ཀྲུང་གོ་དང་ཀྲི་ལིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ལ་འཕེལ་རྒྱས་གསར་བ་འབྱུང་བར་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཕྱོགས་གཉིས་ཀྱིས་ཁྱབ་ཁོངས་སོ་སོ་དང་། རིམ་པ་སོ་སོའི་བརྗེ་རེས་ལ་ཤུགས་བསྣན་ནས། ཕན་ཚུན་བརྩི་འཇོག་དང་ཡིད་ཆེས། གཉིས་རྒྱལ་གཉིས་ཕན། མཉམ་འབྲེལ་མཉམ་གཏོང་བཅས་རྒྱུན་འཁྱོངས་བྱས་ནས། རྨང་གཞིའི་སྒྲིག་བཀོད་དང་ནུས་ཁུངས་གསར་པ། ཆ་འཕྲིན་བརྡ་སྐྱེལ་སོགས་ཁྱབ་ཁོངས་སུ་མཉམ་ལས་ལ་ཤུགས་བསྣན་ནས། ཆུ་ཚད་མཐོ་བའི་རང་དབང་ཉོ་ཚོང་དང་སྔར་ལས་སྒོ་འབྱེད་ཀྱི་ཐོན་ལས་སྲིད་ཇུས་ལ་བརྟེན་ནས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་དེ་རྒྱུན་མཐུད་འཕེལ་རྒྱས་དང་ཁྱབ་ཁོངས་སྔར་ལས་ཡངས་པའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྲི་ལིའི་སྤུས་ལེགས་ཐོན་རྫས་ཀྲུང་གོར་ནང་འདྲེན་བྱེད་པ་དང་། ཀྲུང་གོའི་ཁེ་ལས་སྔར་ལས་མང་བ་ཀྲི་ལིར་སོང་ནས་དངུལ་གཏོང་ལས་སྤེལ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲི་ལི་ཕྱོགས་ཀྱིས་དྲང་གཞག་དང་སྒོ་འབྱེད། འདྲ་མཉམ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་ཅིག་བསྐྲུན་པའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་ཉོ་ཚོང་རྩ་འཛུགས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་སོགས་ཀྱི་ཕྱོགས་མང་རྐྱེན་སྲོལ་ཁྲོད་དུ་འབྲེལ་འདྲིས་བརྗེ་རེས་བྱས་ནས། ངེས་དོན་གྱི་ཕྱོགས་མང་རིང་ལུགས་ལག་ལེན་བྱ་འདོད་ཡོད་ལ། འཛམ་གླིང་མཁོ་སྤྲོད་མུ་འབྲེལ་གེགས་མེད་བརྟན་འཇགས་ཡོང་པ་དང་། འཛམ་གླིང་ལྷོ་ཕྱོགས་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱས་ནས། སྒོ་འབྱེད་དང་གསོན་ཤུགས་ཀྱིས་ཁེངས་པ། སྟོབས་དང་ལྡན་པ། ཞི་བདེ་བཅས་ཀྱི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཐུན་མོང་ཚོགས་པ་མཉམ་འཛུགས་བྱ་འདོད་ཡོད།
པོ་ལི་ཆི་ཡིས་བསྟན་དོན། ཀྲི་ལི་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཀྲི་ལིར་ཡོང་ནས་ཐོན་སྐྱེད་བྱེད་པར་དགའ་བསུ་ཞུ་བཞིན་ཡོད་ལ། ཀྲུང་གོའི་ཁེ་ལས་ལ་ཚོང་གཉེར་ཁོར་ཡུག་ལེགས་པོ་ཞིག་སྐྲུན་འདོད་ཡོད། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་སྒྲོམ་གཞིའི་འོག་ཏུ་ཀྲུང་གོའི་བར་དུ་སྔར་ལས་འབྲེལ་འདྲིས་གཏིང་ཟབ་བྱས་ནས། སྲུང་སྐྱོབ་རིང་ལུགས་ལ་མཉམ་དུ་ངོ་རྒོལ་བྱས་ཏེ། འཛམ་གླིང་རང་དབང་ཉོ་ཚོང་དང་ཐོན་ལས་མཁོ་སྤྲོད་ཕྲེང་འབྲེལ་གྱི་བདེ་འཇགས་འཁོར་སྐྱོད་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།
ཚའེ་ཆི་དང་ཝང་དབྱི་མཇལ་འཕྲད་ལ་ཞུགས།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།