ཞི་ཅིན་ཕིང་གིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་པའི་རྩེ་ཚོགས་སྟེང་ཡིག་ཐོག་གི་གསུང་བཤད་གནང་།
2024.11.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 41

ས་དེའི་དུས་ཚོད་ཟླ11པའི་ཚེས15ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལི་མ་རུ་འཚོགས་པའི། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་པའི་རྩེ་ཚོགས་སྟེང་དུ། 《དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོར་སྟངས་འཛིན་ཡང་དག་བྱས་ཏེ་འཛམ་གླིང་དར་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས》ཞེས་པ་ཁ་བྱང་དུ་བཟུང་ནས་ཡིག་ཐོག་གི་གསུང་བཤད་གནང་།

ཞི་ཅིན་ཕིང་གིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་རྒྱལ་ཁབ་སོ་སོའི་དཔལ་འབྱོར་འཛམ་གླིང་ཅན་དུ་ཁ་ཕྱོགས་ཏེ་མཉམ་འདྲེས་གཏིང་ཟབ་བྱུང་ནས། དར་ན་མཉམ་དར་དང་རྒུད་ན་མཉམ་རྒུད་ཀྱི་ཁེ་ཕན་གཅིག་མཐུན་ཚོགས་པ་དང་ལས་སྐལ་གཅིག་མཐུན་ཚོགས་པ་གྲུབ་ཡོད། དུས་མཚུངས་སུ། མིག་སྔའི་འཛམ་གླིང་འདི་ཉིད་ཟང་ཟིང་དང་འཕོ་འགྱུར་ཤིན་ཏུ་རྒོད་པའི་དུས་རིམ་གསར་པར་སླེབས་ཡོད་པའི་དབང་གིས། དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དུ་འགྱུར་བའི་ཐད་ཕྱིར་བཤོལ་བྱེད་མི་རུང་བའི་ཉམས་སད་དྲག་པོར་འཕྲད་ཡོད། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་གང་ནས་གང་དུ་ཕྱོགས་མིན་དང་ཇི་ལྟར་སྒྲུབ་དགོས་མིན་གྱི་ཐད་ང་ཚོས་ཅིས་ཀྱང་གདམ་ག་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་ནི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སོང་བ་ལས་བྱུང་བའི་ཕྱི་རོལ་ཡུལ་གྱི་བླང་བྱ་ཞིག་དང་ཚན་རྩལ་ཡར་ཐོན་སོང་བ་ལས་བྱུང་བའི་ལྡོག་མེད་ཀྱི་མཇུག་འབྲས་ཤིག་ཡིན། དེར་འགལ་རྐྱེན་ཅི་རིགས་གནས་སྲིད་ནའང་དེའི་འཕེལ་རྒྱས་ཀྱི་གནས་སྟངས་ཆེན་པོར་འགྱུར་ལྡོག་གཏན་ནས་མི་འགྲོ་ལ། མིང་སྣ་ཚོགས་ལ་ཁ་གཡར་ནས་ཕན་ཚུན་རྟེན་རེས་བྱེད་ཀྱིན་པའི་འཛམ་གླིང་འདི་ཉིད་ཁ་བྲལ་དུ་གཏོང་བ་ནི། ལོ་རྒྱུས་ཀྱི་འཁོར་ལོ་ཕྱིར་སྣུར་བྱེད་པ་ཞིག་ལས་ཅི་ཡང་མིན། དཀའ་ངལ་ཅི་ཙམ་ཆེ་བའི་དུས་སུ་ཡིད་ཆེས་དེ་ཙམ་གྱིས་ཇེ་བརྟན་དུ་གཏོང་དགོས། དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་གྱི་ཁ་ཕྱོགས་ལ་ཁྲིད་སྟོན་ཡང་དག་བྱེད་རྒྱུ་དང་། ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དུ་འཕེལ་བར་མཉམ་དུ་ལག་གདང་སྦྲེལ་ནས་སྐུལ་འདེད་གཏོང་བ། དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་ལ་སྔར་ལས་གསོན་ཤུགས་འཕེལ་བར་བྱེད་པ། སྔར་ལས་བསྟུན་མཁས་ཆེ་བ་དང་སྔར་ལས་རྒྱུན་མཐུད་ཐུབ་པའི་དུས་མཚམས་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་མི་འདྲ་བ་དང་ཚོགས་སྤྱི་མི་འདྲ་བར་ཕན་པ་སྔར་ལས་ཆེན་པོ་ཐོབ་པར་བྱེད་དགོས་ཞེས་གསུངས།

གཅིག་ནས་གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འཛམ་གླིང་དཔལ་འབྱོར་ཤུགས་ཆེན་པོའི་སྒོ་ནས་འཕར་རྒྱུར་སྐུལ་འདེད་གཏོང་དགོས།  གཉིས་ནས་དུས་བསྟུན་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས་འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་མ་ལག་གི་བཅོས་སྒྱུར་ལ་སྐུལ་འདེད་ནུས་ལྡན་གཏོང་དགོས། གསུམ་ནས་མི་གཞི་རྩར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་དོ་མི་མཉམ་པའི་གནད་དོན་ཐག་གཅོད་པར་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་འདས་ཟིན་པའི་ལོ30རིང་ལ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་གྱིས་འཕར་ཤུགས་ཆེན་པོ་རྒྱུན་འཁྱོངས་བྱས་ནས། སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་ཀྱིན་པའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ངོ་མཚར་བཏོད་ཡོད། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་གྲུབ་འབྲས་ནི་ང་ཚོས་ཐོག་མཐའ་བར་གསུམ་དུ་ས་ཁུལ་གྱི་ཞི་བདེ་དང་བརྟན་བརླིང་ལ་སྲུང་སྐྱོབ་བྱ་རྒྱུར་རྩེ་གཅིག་ཏུ་གཞོལ་བ་དང་། ཐོག་མཐའ་བར་གསུམ་དུ་ཕྱོགས་མང་རིང་ལུགས་ངོ་མ་དང་སྒོ་འབྱེད་ས་ཁོངས་རིང་ལུགས་རྒྱུན་འཁྱོངས་བྱེད་པ། ཐོག་མཐའ་བར་གསུམ་དུ་དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་གྱི་གནས་བབ་དང་བསྟུན་པ་དང་། གཉིས་ཕན་གཉིས་རྒྱལ་དང་ཕན་ཚུན་གྲུབ་འབྲས་ཐོབ་རྒྱུ་རྒྱུན་འཁྱོངས་བྱས་པ་བཅས་ལས་བྱུང་བ་ཞིག་ཡིན། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱིས་དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དུ་འགྱུར་རྒྱུར་མུ་མཐུད་དུ་སྐུལ་འདེད་བཏང་ནས་གསར་གཏོད་ནན་མོ་བྱེད་པ་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་སྒོ་འབྱེད་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་ལ་བསྟུན་མཁས་བྱེད་པའི་གསེར་གྱི་མིང་བྱང་སྐྲུན་པ། ལྗང་མདོག་གི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་སྐྲུན་པ། གཞི་གྲངས་ཀྱི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མིང་བྱང་གསར་པ་སྐྲུན་པ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་སྐྲུན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་འཕེལ་རྒྱས་ཀྱི་མ་འོངས་པའི་རྫོགས་ལྡན་གྱི་ལོ་ངོ་སུམ་ཅུ་བསྐྲུན་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་དུ། བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་མ་ལག་ཚང་བའི་སྒོ་ནས་བཀོད་སྒྲིག་བྱས་ཡོད། ཀྲུང་གོས་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བཏང་སྟེ། འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་ལ་མུ་མཐུད་དུ་སྒུལ་ཤུགས་ཆེན་པོ་སྣོན་རྒྱུ་ཡིན། ཀྲུང་གོར་ད་ལོའི་དཔལ་འབྱོར་འཕར་བའི་དམིགས་འབེན་མངོན་པར་བྱས་ནས། འཛམ་གླིང་གི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་ཆེན་པོའི་ནུས་པ་མུ་མཐུད་འདོན་སྤེལ་བྱེད་ཐུབ་པའི་ཡིད་ཆེས་ཆེན་པོ་ཡོད། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ། སྤུས་ཚད་མཐོ་བའི་སྒོ་ནས་མཉམ་དུ“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། འཛམ་གླིང་དཔལ་འབྱོར་གྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་མུ་མཐུད་སྣེ་ཁྲིད་བྱེད་རྒྱུ་ཡིན། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་དེ། འཛམ་གླིང་ཧྲིལ་པོའི་ལྗང་མདོག་ཚུལ་སྒྱུར་ལ་མུ་མཐུད་སྒུལ་ཤུགས་གལ་ཆེན་མཁོ་འདོན་བྱེད་རྒྱུ་དང་། འཛམ་གླིང་ཧྲིལ་པོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་ཆེད་ལེགས་སྐྱེས་གལ་ཆེན་འབུལ་རྒྱུ་ཡིན། ཀྲུང་གོས་ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་རྣམ་པའི་དཔལ་འབྱོར་སྒྲིག་སྲོལ་གསར་པ་འཛུགས་པ་དང་། རང་བརྟེན་སྒོ་འབྱེད་དང་ཕྱོགས་རྐྱང་པའི་སྒོ་འབྱེད་སྲིད་ཇུས་སྔར་ལས་གང་མང་འདོན་པ། འཛམ་གླིང་་ཧྲིལ་པོར་ཁ་ཕྱོགས་པའི་ཚད་གཞི་མཐོ་བའི་རང་མོས་ཚོང་དོན་ཁུལ་གྱི་དྲ་རྒྱ་རྒྱ་སྐྱེད་གཏོང་བ། འཛམ་གླིང་དང་མཉམ་དུ་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་མུ་མཐུད་མཉམ་སྤྱོད་བཅས་བྱེད་རྒྱུ་ཡིན་ཞེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོའི་འཕེལ་རྒྱས་དེ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དང་ཁ་འབྲལ་ཐབས་མེད་ལ། ཀྲུང་གོས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་ལ་སྔར་ལས་བདེ་སྐྱིད་བསྐྲུན་ཐུབ། ང་ཚོས་སྒོ་འབྱེད་མཉམ་འབྲེལ་གྱི་སྙིང་སྟོབས་ལག་ལེན་བྱས་པ་ཡིན་ན། གཞི་ནས་ཞི་བདེ་རྒྱ་མཚོ་དེ་དར་རྒྱས་འཕེལ་རྒྱས་འབྱུང་ཐུབ། ང་ཚོས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པ་དང་འཛམ་གླིང་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་མཉམ་དུ་བསུས་ནས། འཛམ་གླིང་མཉམ་དུ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་མིའི་རིགས་ལ་སྔར་ལས་མཛེས་སྡུག་གི་འབྱུང་འགྱུར་བསྐྲུན་ཆེད་མཉམ་ཤུགས་ཅི་ཡོད་སྔར་ལས་གཅིག་སྒྲིལ་བྱེད་དགོས་ཞེས་ནན་གྱིས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།