ས་དེའི་དུས་ཚོད་ཟླ11པའི་ཚེས18ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལིས་ཡུའེ་རི་ནེ་ལུའུ་རུ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་ཐེངས་བཅུ་དགུ་པར་ཞུགས་པར་མ་ཟད་མོ་ཞི་ཁོའི་ཙུང་ཐུང་ཞིན་པའོ་མུའུ་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་ཞིན་པའོ་མུའུ་མོ་ཞི་ཁོའི་ལོ་རྒྱུས་སྟེང་གི་བུད་མེད་ཙུང་ཐུང་དང་པོར་གྱུར་པར་ཡང་བསྐྱར་རྟེན་འབྲེལ་ཞུས། ཀྲུང་གོ་དང་མོ་ཞི་ཁོ་རྒྱལ་ཁབ་གཉིས་ལ་སྲོལ་རྒྱུན་གྱི་མཛའ་མཐུན་ལོ་རྒྱུས་ཡུན་རིང་ལྡན་པས། ཕྱོགས་གཉིས་ཀྱིས་འགྲོ་འོང་བརྗེ་རེས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས་མཛའ་བརྩེ་ཇེ་བཟང་དུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་གྱི་ཁ་གསབ་རང་བཞིན་བེད་སྤྱོད་ཡག་པོ་བྱས་ཏེ། དངོས་སྒྲུབ་མཉམ་ལས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་དུས་སྐབས་གསར་པར་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོ་དང་མོ་ཞི་ཁོ་རྒྱལ་ཁབ་གཉིས་ཀྱིས་རྒྱལ་སྤྱིའི་གནད་དོན་མང་པོ་ཞིག་ལ་འཛིན་པའི་ལྟ་སྟངས་འདྲ་བ་དང་འདུ་ཤེས་འདྲ་བས། གཉིས་ཀས་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་རྒྱུ་དར་སྤེལ་གཏོང་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་མོ་ཞི་ཁོ་ཕྱོགས་དང་མཉམ་དུ། ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་འདྲ་མཉམ་དྲང་བདེན་ལ་སྲུང་སྐྱོབ་བྱས་ནས། འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དྲང་ཕྱོགས་ཀྱི་ནུས་པ་འདོན་འདོད་ཡོད།
ཞིན་པའོ་མུའུ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་ངོ་ཤེས་པར་ཧ་ཅང་དགའ་བྱུང་། ཁྱེད་ཀྱིས་ང་ཚོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གདེང་འཇོག་གནང་བར་ང་རང་མཐའ་གཅིག་ཏུ་མོས་མཐུན་བྱུང་ཡོད། མོ་ཞི་ཁོ་དང་ཀྲུང་གོ་རྒྱལ་ཁབ་གཉིས་བར་བར་ཐག་རིང་པོ་ཡོད་ཀྱང་འབྲེལ་བ་ཧ་ཅང་ཟབ། ཀྲུང་གོའི་ཁེ་ལས་མང་པོས་མོ་ཞི་ཁོ་རུ་ལས་སྒོ་སྤེལ་བའི་ཁྲོད་མོ་ཞི་ཁོ་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ལས་གཞི་གལ་ཆེན་འཛུགས་སྐྲུན་ཁྲོད་ཞུགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་མོ་ཞི་ཁོར་རྒྱ་མཚོའི་རླུང་འཚུབ་སོགས་ཀྱི་དཀའ་ངལ་ལ་འཕྲད་སྐབས་ལྷག་བསམ་ཟོལ་མེད་ངང་རོགས་རམ་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུ། འདི་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་བརྩེའི་བདེན་དཔང་རེད། མོ་ཞི་ཁོ་དང་ཀྲུང་གོས་མཉམ་དུ་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་དང་། མོ་ཞི་ཁོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་སྦས་ཤུགས་སྔོག་འདོན་བྱས་ནས། ཁྱབ་ཁོངས་སོ་སོའི་མཉམ་ལས་སྔར་ལས་ལྷག་པའི་རྒྱ་ཆེར་གཏོང་འདོད་ཡོད།
ཚའེ་ཆི་དང་ཝང་དབྱི་སོགས་མཇལ་འཕྲད་ལ་ཞུགས།
ཤ་བོ་རིན་མཚོས་བསྒྱུར།