ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན། ཡུན་རིང་ཉམས་སད་ཐེག་པའི་གུང་ཁྲན་རིང་ལུགས་ལ་བློ་དཀར་བའི་འཐབ་མོ་པ། རང་རྒྱལ་གྱི་རྒྱལ་སྲུང་འཛུགས་སྐྲུན་དང་དམག་དཔུང་དམག་དོན་བྱ་བའི་ཁྱད་དུ་འཕགས་པའི་འགོ་ཁྲིད་པ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཟུར་པ་དང་རྒྱལ་སྲིད་ཨུ་ཡོན་ཟུར་པའི་ཞོར་དུ་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་གི་འགན་མཁན་ལེང་ཀོང་ལེ་ཡི་སྐུ་གདུང་ཚེས18ཉིན་པེ་ཅིང་པཱ་པའོ་རི་བོའི་གསར་བརྗེ་སྤྱིའི་བང་སོ་ནས་སྦྱིན་སྲེག་བྱས།
བློ་མཐུན་ལེང་ཀོང་ལེ་ལ་སྙུང་གཞི་ཕོག་ནས2024ལོའི་ཟླ11པའི་ཚེས12ཉིན་གྱི་ཆུ་ཚོད2དང་སྐར་མ43སྟེང་པེ་ཅིང་དུ་སྐུ་གཤེགས་པ་དང་དགུང་ལོ84རེད།
བློ་མཐུན་ལེང་ཀོང་ལེ་ལ་སྙུང་གཞི་ཕོག་སྐབས་དང་སྐུ་གཤེགས་རྗེས་བློ་མཐུན་ཞི་ཅིན་ཕིང་དང་། ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི། ཧན་ཀྲིན། ཧུའུ་ཅིན་ཐའོ་སོགས་སྨན་ཁང་དུ་ཕེབས་པའམ་ཡང་ན་ཐབས་གཞན་པར་བརྟེན་ནས་བློ་མཐུན་ལེང་ཀོང་ལེ་སྐུ་གཤེགས་པར་གདུང་སེམས་ཆེན་པོས་མྱ་ངན་ཞུས་པར་མ་ཟད་ཁོང་གི་གཉེན་ཉེར་འཚམས་འདྲི་གནང་།
ཀྲུང་གུང་ཀྲུང་དབྱང་གི་མངགས་བཅོལ་ལྟར་ལིས་ཆང་དང་། ཏེན་ཞུའེ་ཞང་། ཧན་ཀྲིན་སོགས་ཚེས18ཉིན་པ་པའོ་རི་བོའི་གསར་བརྗེའི་སྤྱིའི་བང་སོར་ཕེབས་ནས་བློ་མཐུན་ལེང་ཀོང་ལེ་ལ་སྐྱེལ་མ་ཞུས་པར་མ་ཟད་ཁོང་གི་གཉེན་ཉེར་འཚམས་འདྲི་གནང་།
ཚེས18ཉིན་གྱི་སྔ་དྲོར། པཱ་པའོ་རི་བོའི་གསར་བརྗེ་སྤྱིའི་བང་སོའི་ཚོམས་ཁང་དུ་གདུང་བའི་རོལ་དབྱངས་དལ་བུར་གྲགས་བཞིན་ཡོད། ཚོམས་ཁང་གི་སྟེང་རིམ་དུ་རས་གཞི་ནག་པོའི་ངོས་སུ་ཡི་གེ་དཀར་པོས་བློ་མཐུན་ལེང་ཀོང་ལེ་སྐུ་གཤེགས་པར་གདུང་སེམས་ཆེན་པོས་མྱ་ངན་ཞུ་ཞེས་བྲིས་པའི་སྦྱར་ཡིག་བཀལ་ཡོད་པ་དང་། སྦྱར་ཡིག་གི་འོག་ཏུ་བློ་མཐུན་ལེང་ཀོང་ལེ་ཡི་སྐུ་བརྙན་བཞག་ཡོད། བློ་མཐུན་ལེང་ཀོང་ལེ་ཡི་སྐུ་གདུང་མེ་ཏོག་དང་ཤུག་པའི་ཤིང་ལོའི་ཁྲོད་དུ་བཞག་ཡོད་པ་དང་། ལུས་སྟེང་དུ་བཀྲག་མདངས་འཚེར་བའི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་དར་བཀབ་ཡོད།
སྔ་དྲོའི་ཆུ་ཚོད9ཙམ་ལ། ལིས་ཆང་དང་ཏེན་ཞུའེ་ཞང་། ཧན་ཀྲིན་སོགས་མྱ་ངན་གྱི་རོལ་དབྱངས་ཁྲོད་དུ་དལ་གྱིས་བློ་མཐུན་ལེང་ཀོང་ལེ་ཡི་སྐུ་གདུང་གི་མདུན་དུ་སོང་ནས་མྱ་ངན་ཞུས་པ་དང་། བློ་མཐུན་ལེང་ཀོང་ལེ་ཡི་སྐུ་གདུང་ལ་གུས་འདུད་ལན་གསུམ་ཞུས་པར་མ་ཟད། བློ་མཐུན་ལེང་ཀོང་ལེ་ཡི་གཉེན་ཉེ་རྣམས་ལ་ལག་འཇུ་བྱས་ནས་འཚམས་འདྲི་བྱས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སོགས་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱི་འཚམས་འདྲི་བརྒྱུད་བསྒྲགས་བྱས།
ཏང་དང་རྒྱལ་ཁབ། དམག་དཔུང་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་མྱ་ངན་ཞུ་བར་ཕེབས་པའམ་ཡང་ན་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་མྱ་ངན་ཞུས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་། བློ་མཐུན་ལེང་ཀོང་ལེ་སྐུ་འཚོ་བཞུགས་སྐབས་ཀྱི་གྲོགས་པོ་དང་ཕ་ཡུལ་གྱི་འཐུས་མིའང་མྱ་ངན་ཞུ་བར་སོང་།
ཤ་བོ་རིན་མཚོས་བསྒྱུར།