ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ11པའི་ཚེས18ཉིན་ཀྲུང་གོའི་བཟོ་སྐྲུན་ཚན་རྩལ་འགྲེམས་སྟོན་ལ་གཟིགས་ཞིབ་གནང་།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ11པའི་ཚེས18ཉིན་ཀྲུང་གོའི་བཟོ་སྐྲུན་ཚན་རྩལ་འགྲེམས་སྟོན་ལ་གཟིགས་ཞིབ་གནང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཚན་རྩལ་གསར་གཏོད་ཀྱིས་ཀྲུང་གོའི་གསར་སྐྲུན་ལ་འདེགས་སྐྱོར་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་བདེ་འཇགས་དང་། བག་ཕེབས། ལྗང་མདོག རིག་ལྡན་བཅས་ཀྱི་ཁང་པ་ཡག་པོ་བསྐྲུན་པ། ས་ཁང་བདག་ཁོངས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་སྤུས་ཚད་མཐོ་བའི་སྡོད་གནས་ཀྱི་དགོས་མཁོ་སྔར་ལས་ལེགས་པོར་སྐོང་དགོས་པ་ནན་གྱིས་བསྟན།
“ཚན་རྩལ་གྱིས་མཛེས་སྡུག་འཚོ་བར་བྱེད་ནུས་སྩོལ། གསར་གཏོད་ཀྱིས་ཀྲུང་གོའི་གསར་སྐྲུན་ལ་སྣེ་ཁྲིད་བྱེད”ཅེས་པ་བརྗོད་དོན་ཡིན་པའི་ཀྲུང་གོའི་བཟོ་སྐྲུན་ཚན་རྩལ་འགྲེམ་སྟོན་བྱེད་སྒོ་པེ་ཅིང་དུ་སྤེལ། ལིས་ཆང་འགྲེམས་ཁང་དུ་ཕེབས་ནས་གསར་དུ་བསྐྲུན་པའི་ཁང་པ་ཡག་པོ་དང་། ཁང་རྙིང་སྒྱུར་བཀོད་བྱས་པའི་ཁང་པ་བཟང་པོ། ཞི་མཐུན་གྲོང་གསེབ་ཀྱི་སྡོད་ཁང་གསར་པའི་ཐོན་རྫས་སོགས་ལ་གཟིགས་ཞིབ་གནང་། ལིས་ཆང་གིས་མིག་སྔར་རང་རྒྱལ་གྱི་སྡོད་ཁང་འཕེལ་རྒྱས་དེ“ཡོད་མེད”ནས“བཟང་མིན”གྱི་ཕྱོགས་སུ་སྒྱུར་བཞིན་ཡོད། སྡོད་དམངས་ཀྱི་སྡོད་ཁང་གི་སྤུས་ཚད་དང་བདེ་སྣང་མཐོ་རུ་གཏོང་རྒྱུ་ཁྲིད་སྟོན་དུ་བྱས་ཏེ། ནུས་པ་དང་སྤུས་ཚད། ཉམས་ལེན་སོགས་ཀྱི་ཐད་ནས་འགོ་བརྩམས་ཏེ། གནས་སྡོད་ཀྱི་གོམས་གཤིས་མི་འདྲ་བ་དང་ལོ་ན་མི་འདྲ་བ། དཔལ་འབྱོར་གྱི་ནུས་པ་མི་འདྲ་བ་སོགས་ཀྱི་ཚོགས་སྤྱིའི་དགོས་མཁོ་དང་། ལྷག་པར་དུ་ལོ་ན་ཆེ་བར་འཚམ་པ་དང་བྱིས་པར་འཚམ་པ་སོགས་ཀྱི་དགོས་མཁོ་གསར་པར་བསམ་གཞིག་གང་ལེགས་བཏང་ནས། ཡུལ་བབ་དང་བསྟུན་ནས་ཁང་པ་ཡག་པོ་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ཚད་གཞིར་བརྟེན་ནས་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལག་རྩལ་ལ་བརྟེན་ནས་ཁང་པ་གསར་པ་དང་ཁང་པ་ཡག་པོ་བསྐྲུན་པར་འདེགས་སྐྱོར་བྱེད་དགོས་ལ། ཚན་རིག་དང་མཐུན་པའི་སྒྱུར་བཀོད་བྱས་པ་བརྒྱུད་ཁང་པ་རྙིང་པ་ཁང་པ་བཟང་པོ་རུ་འགྱུར་བར་བྱེད་དགོས་པ་ནན་གྱིས་བསྟན།
རྟོག་ཞིབ་གནང་སྐབས། ལིས་ཆང་གིས“ཁང་པ་དང་། རླངས་འཁོར། དྲ་བ”བཅས་མཉམ་འདྲེས་ཀྱི་ལྗང་མདོག་རིག་ནུས་སྡོད་ཁང་ཐོན་རྫས་ཀྱི་དཔེ་མཚོན་ཁང་པ་དང་། འོད་ཤུགས་གྱང་སོགས་ལ་གཟིགས་ཞིབ་གནང་བ་དང་། དབོར་འདྲེན་འཕྲུལ་མི་དང་། མཁའ་ཐོག་ཐོག་ཁང་སྐྲུན་པའི་འཕྲུལ་ཆས་སོགས་ལག་རྩལ་གསར་པ་དང་ཉེར་སྤྱོད་གསར་པའི་ངོ་སྤྲོད་ལ་གསན་པར་མ་ཟད། སྡོད་ཁང་ཇུས་འགོད་དང་། བཟོ་སྐྲུན་ལག་རྩལ། འཛུགས་སྐྲུན་མ་རྩ། ཆ་ཚང་ཞབས་ཞུ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་མཛད། ལིས་ཆང་གིས་བསྟན་དོན། དུས་རབས་གསར་པའི་ཆ་འཕྲིན་ལག་རྩལ་དང་། རྒྱུ་ཆ་གསར་པ། ནུས་ཁུངས་གསར་པ། སྒྲིག་ཆས་བཟོ་སྐྲུན་སོགས་སྔོན་ཐོན་ལག་རྩལ་བེད་སྤྱོད་ཀྱིས་འཛུགས་སྐྲུན་གསར་བརྗེ་དང་ནུས་ཁུངས་གསར་བརྗེ་ལ་སྐུལ་འདེད་གཏོང་བཞིན་ཡོད། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ལྗང་མདོག་ཅན་དང་། རིག་ནུས་ཅན། བཟོ་ལས་ཅན་བཅས་ཀྱི་ཚུལ་སྒྱུར་ལ་ཤུགས་སྣོན་པ་དང་། ཕྱོགས་ཡོངས་ནས་ཇུས་འགོད་དང་། བཟོ་སྐྲུན། སྲུང་སྐྱོབ་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ས་ཁང་བདག་ཁོངས་ཐོན་ལས་དང་འཛུགས་སྐྲུན་ལས་རིགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
ཧྲང་ཧའེ་རྒྱལ་འཛུགས་ཤར་ལམ་གྱི་ལོ་རྒྱུས་རྣམ་པ་སྲུང་སྐྱོབ་དང་གྲོང་ཁྱེར་གསར་སྒྱུར་བཟོ་སྐྲུན། པེ་ཅིན་ཧྭ་ཕིས་བཟོ་གྲྭའི་སྲང་ལམ་ཨང8པའི“དེ་སྔའི་རྣམ་པ་སྲུང་འཛིན་བྱས་ཏེ་འཛུགས་སྐྲུན”གྱི་དཔེ་དབྱིབས་ཅན་གྱི་ཁང་བ་ལེགས་པོ་སོགས་འགྲེམ་སྟོན་ལ་གཟིགས་སྐབས། ལིས་ཆང་གིས་བསྟན་དོན། གྲོང་ཁྱེར་གསར་སྒྱུར་བྱ་རྒྱུ་ནི་མིག་སྔའི་གྲོང་ཁྱེར་འཛུགས་སྐྲུན་གྱི་མདུན་དུ་ལྷགས་པའི་ལས་འགན་གལ་ཆེན་ཞིག་ཡིན་ཞིང་། དེར་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེན་པོ་ལྡན། དམངས་ཚིས་ལེགས་བཅོས་དང་ནང་མཁོ་རྒྱ་བསྐྱེད་རྒྱུ་ཟུང་འབྲེལ་བྱས་ཏེ། ཕྱོགས་སོ་སོའི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་པ་དང་། འཆར་འགོད་གསར་གཏོད་ལ་སྐུལ་འདེད་གཏོང་བ། ཚད་གཞི་ཚད་ལྡན་འཐུས་ཚང་དུ་གཏོང་བ། ཁང་པ་ཡག་པོ་སྐྲུན་པར་སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། མཁར་གྲོང་གི་སྡེ་ཁུལ་རྙིང་པ་དང་། མཁར་དཀྱིལ་གྱི་སྡེ་བ་དང་ཉེན་ཁ་ཡོད་པའི་ཁང་རྙིང་སྒྱུར་བཀོད་དམ་འཛིན་ཡག་པོ་བཅས་བྱས་ཏེ་མི་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་དགོས། གྲོང་ཁྱེར་གསར་སྒྱུར་བྱེད་སྐབས་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་དང་བརྩི་འཇོག་གང་ལེགས་བྱེད་པ་དང་། ལོ་རྒྱུས་དང་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། འཆམ་མཐུན་གྲོང་ཁྱེར་མཉམ་སྐྲུན་དང་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་སྤྱོད་བཅས་བྱ་དགོས།
ཝུའུ་ཀྲིན་ལུང་གོང་གསལ་གྱི་བྱེད་སྒོར་ཞུགས།
ཤ་བོ་རིན་མཚོས་བསྒྱུར།