ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་སྔ་རྗེས་སུ་བསྡུས།
2024.11.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ11པའི་ཚེས18ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་སྔ་རྗེས་སུ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ཉེ་ལམ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན། འབྲེལ་ཡོད་གྲོས་ཚོགས་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པར་མ་ཟད་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།

གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཏུང་ཀྲུའུ་ཧའེ་གྲོང་ཁྱེར་དུ་རླངས་འཁོར་བསྐོར་ནས་ལམ་འགྲོ་པར་བརྡུངས་པའི་གྱོད་གཞིར་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ་དང་།    ཉེན་ཁའི་འདུ་ཤེས་དང་ཚད་མཐའི་བསམ་གཞིགས་གཏིང་ཟབ་ཏུ་གཏོང་བ།    “ཕྱོགས་གཅིག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་གཅིག་གི་བདེ་འཇགས་ལ་ཁག་ཐེག་བྱེད་པའི”ཆབ་སྲིད་ཀྱི་འགན་འཁྲི་དངོས་སུ་འཁུར་ཏེ། འཕྲིན་བཅར་གྱི་གནད་དོན་འབྱུང་རྩ་ནས་བཅོས་སྒྲིག་བྱེད་པའི་ལོ་གསུམ་གྱི་འགུལ་སྐྱོད་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ།    ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་དང་སེལ་བའི་བྱ་བ་གཏིང་ཟབ་དང་ཞིབ་ཚགས་ངང་ཡག་པོར་སྒྲུབ་པ།    སྤྱི་པའི་བདེ་འཇགས་ཀྱི་སྔོན་འགོག་ཚོད་འཛིན་དྲ་བ་དམ་པོར་འཛུགས་པ་དང་ཇེ་བརྟན་དུ་གཏོང་བ།    བདེ་འཇགས་ཐོན་སྐྱེད་ཀྱི་བྱ་བ་སྣ་ཚོགས་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་སྤྱི་ཚོགས་ཁྱོན་ཡོངས་བརྟན་བརླིང་ཡོང་བར་དངོས་སུ་འགན་སྲུང་བྱེད་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་པེ་རུ་རྟོག་ཞིབ་གནང་སྐབས་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་སོ་གཅིག་པར་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་།    ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་པའི་རྩེ་ཚོགས་སྟེང་གནང་བའི་ཡིག་ཐོག་གི་གསུང་བཤད་ཀྱི་དགོངས་དོན།    སྤྱི་ཚོགས་ཀྱི་བྱ་བར་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བ།   མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བ།    ཐོན་ལས་ཀྱི“གནས་བཞི”མཉམ་འདྲེས་སྒོས་འཕེལ་རྒྱས་གཏོང་བ་སོགས་ཀྱི་གཙོ་གནད་བྱ་བར་སྤྱི་འདོམས་དང་དམ་འཛིན་བྱས་ཏེ། ཕྱི་ཕྱོགས་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་།    རྩ་འཛུགས་འགོ་ཁྲིད་དང་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་པ།    དུས་རབས་གསར་པའི་སྤྱི་ཚོགས་བྱ་བ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་སྟེང་ཟླ11པའི་ཚེས8ཉིན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས། ཕྱི་ཕྱོགས་ཚོང་དོན་བརྟན་པོའི་ངང་འཕར་རྒྱུར་སྐུལ་འདེད་གཏོང་བའི་བྱ་བ་ནུས་ཤུགས་ཡོད་རྒུས་ཡག་པོར་སྒྲུབ་ནས། དངུལ་རྩའི་རྒྱབ་སྐྱོར་དངོས་འབེབ་ཞིབ་མོ་བྱེད་པ་དང་།    འགག་སྒྲོལ་ཞབས་ཞུ།    ཁེ་ལས་ལ་རོགས་སྐྱོར།    གནད་ཆེའི་རྒྱུ་རྐྱེན་འགན་སྲུང་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་ཏེ། ཧུར་ཐག་གིས་ལག་རྩལ་དང་ཟོང་རྟགས།    སྤུས་ཚད།    ཞབས་ཞུ་བཅས་ལྟེ་བར་འཛིན་པའི་ཕྱི་ཕྱོགས་ཚོང་དོན་འགྲན་རྩོད་ཀྱི་ཁྱད་སྟོབས་གསར་པ་སྐྱེད་སྲིང་བྱེད་དགོས།  བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་།    རྒན་གསོའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ།    མཐོ་སྒང་གི་ཁྱད་ཆོས་ལྡན་པའི་རྒན་གསོའི་ལས་དོན་དང་རྒན་གསོའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ།    ཐབས་ལམ་མང་པོའི་ཐོག་ནས་ཞབས་ཞུའི་འདོན་སྤྲོད་ཇེ་མང་དུ་གཏོང་བ།    ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། རྒན་པའི་རིམ་པ་མང་བའི་དགོས་མཁོ་སྣ་ཚོགས་སྔར་ལས་ལེགས་པའི་སྒོ་ནས་སྐོང་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་སྟེང་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་དང་ཤེས་བྱའི་ཐོན་དབང་སྲུང་སྐྱོབ།    ཟས་རིགས་བདེ་འཇགས་བཅས་ཀྱི་བྱ་བར་ཞིབ་འཇུག་བྱས།     སྤུས་ཚད་ལ་བརྟེན་ནས་ཞིང་ཆེན་སྟོབས་ཆེར་གཏོང་བ་སྣེ་ཁྲིད་དུ་བྱས་ཏེ། སྤུས་ཚད་ལ་བརྟེན་ནས་ཁེ་ལས་སྟོབས་ཆེར་གཏོང་བ་དང་རྫོང་སྟོབས་ཆེར་གཏོང་རྒྱུར་སྐུལ་འདེད་ནན་མོ་གཏོང་བ་དང་།    སྤུས་ཚད་བདེ་འཇགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་བ།    ཡིད་རྟོན་དང་སྤུས་ཚད་ཇེ་ལེགས་སུ་གཏོང་བ། སྤུས་ཚད་ལ་བརྟེན་ནས་རྒྱལ་ཁ་ལེན་པའི་ཁྲོམ་རའི་ཁོར་ཡུག་བསྐྲུན་དགོས། ཤེས་བྱའི་ཐོན་དབང་གསར་གཏོད་བྱེད་ཚད་དང་སྤུས་ཚད་གཉིས་ཀ་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་།    ཚུལ་སྒྱུར་བེད་སྤྱོད་ཇེ་མགྱོགས་སུ་གཏོང་བ།    སྲུང་སྐྱོབ་ཀྱི་ཕན་ནུས་ཆེ་རུ་གཏོང་བ།    ཤེས་བྱའི་ཐོན་དབང་གི་སྤྱི་པའི་ཞབས་ཞུ་ཡོངས་ལ་ཕན་པའི་བཟོ་སྐྲུན་ལག་བསྟར་བཅས་བྱས་ནས། ཧུར་ཐག་གིས་མཐོ་སྒང་གི་ལྗང་མདོག་ཤེས་བྱའི་ཐོན་དབང་གི་ཞིང་ཆེན་སྟོབས་ལྡན་བསྐྲུན་དགོས། ཟས་རིགས་བདེ་འཇགས་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། འབྱུང་རྩ་ནས་གཏན་འགོག་དང་།    བརྒྱུད་རིམ་དོ་དམ་ནན་མོ་བྱེད་པ།    ཉེན་ཁ་ཚོད་འཛིན་ནན་མོ་བྱེད་པ།    ཁྲིམས་འགལ་ལ་ཆད་པ་ནན་མོ་གཅོད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ཟས་རིགས་བདེ་འཇགས་སྲུང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། མང་ཚོགས་ཀྱི་ལྕེ་རྩེའི་བདེ་འཇགས་མཐའ་གཅིག་ཏུ་སྲུང་སྐྱོང་ལེགས་པོ་བྱེད་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ད་ལོ་ད་དུང་ཟླ་བ་གཅིག་ལྷག་གི་དུས་ཚོད་ཡོད་པས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་།    གོ་སྐབས་དམ་འཛིན་བྱེད་པ།    བཀོད་གཏོང་ཤུགས་ཆེན་བྱེད་པ།    གནད་འཁེལ་ཇུས་འདོན་བཅས་བྱས་ཏེ། “རེའུ་མིག་གཅིག་དང་རྩིས་ཐོ་གཅིག པར་རིས་གཅིག ལམ་སྲོལ་གཅིག”བཅས་གཏིང་ཟབ་ཏུ་བཏང་ནས། ནུས་ཤུགས་ཡོད་རྒུས་བཟོ་ལས་འཁོར་རྒྱུག་དང་འཛད་སྤྱོད་བསྐྱར་འཕར་ལ་དམ་འཛིན་བྱེད་པ་དང་།    དངུལ་གཏོང་འཕར་སྣོན་ལ་དམ་འཛིན་བྱེད་པ།    ཚོང་འགུགས་དངུལ་འདྲེན་དང་དམངས་འཚོའི་འགན་སྲུང་ལ་དམ་འཛིན་བཅས་བྱས་ཏེ། སེམས་ཤུགས་ཆེར་སྐྱེད་ཀྱིས་དུས་ཚིགས་བཞི་པའི་བྱ་བར་འབད་པ་བྱས་ནས། ལོ་ཧྲིལ་པོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་དགོས།

གྲོས་ཚོགས་སྟེང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

ཤ་བོ་རིན་མཚོས་བསྒྱུར།