ཞི་ཅིན་ཕིང་མུ་མཐུད་དུ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་ཐེངས་བཅུ་དགུ་པར་ཞུགས།
2024.11.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ས་དེའི་དུས་ཚོད་ཟླ11པའི་ཚེས18ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པ་ཞི་རྒྱལ་ཁབ་ཀྱི་གྲོང་ཁྱེར་ལིས་ཡུའེ་རི་ནེ་ལུའུ་རུ། མུ་མཐུད་དུ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་ཐེངས་བཅུ་དགུ་པར་ཞུགས།

རྩེ་ཚོགས་ཀྱི་དུས་རིམ་གཉིས་པའི་ཚོགས་འདུས། “འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་སྒྲིག་གཞིའི་བཅོས་སྒྱུར”གྲོས་གཞིར་དམིགས་ཏེ་གྲོས་སྡུར་བྱེད་སྐབས། ཞི་ཅིན་ཕིང་གིས《མཉམ་དུ་ལག་གདང་སྦྲེལ་ནས་དྲང་གཞག་ལུགས་མཐུན་གྱི་འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་མ་ལག་བསྐྲུན་དགོས》ཞེས་པ་ཁ་བྱང་དུ་བཟུང་ནས་གསུང་བཤད་གལ་ཆེན་གནང་།

ཞི་ཅིན་ཕིང་གིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་འཚོགས་ནས་ལོ16འཁོར་ཡོད། འགོ་རྩོམ་ས་གསར་པའི་སྟེང་དུ། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་སྔ་མཐུད་ཕྱི་འདྲེན་དང་སྔ་འཛིན་ཕྱི་གཏོད་བྱས་ཏེ། འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་སྔར་ལས་འཐུས་ཚང་དུ་གཏོང་བ་དང་ལོ་རྒྱུས་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་མུ་མཐུད་དུ་བྱེད་དགོས། ང་ཚོས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་བཟུང་ནས། ཕ་རོལ་གྱི་འཕེལ་རྒྱས་དེ་གོ་སྐབས་སུ་བརྩི་བ་ལས་འགྲན་སློང་གཏན་ནས་མིན་པ་དང་ཕ་རོལ་ཟླ་གྲོགས་སུ་བརྩི་བ་ལས་འགྲན་ཡ་གཏན་ནས་མིན་པའི་ལྟ་ཚུལ་འཛིན་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་རྨང་གཞིར་བྱེད་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་བརྩི་སྲུང་ནན་མོ་ཞུ་བ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞི་ཡིན་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་པ། རྒྱལ་སྤྱིའི་ཐུན་མོང་གི་ངོས་འཛིན་སྔར་ལས་གཅིག་ཏུ་སྒྲིལ་བ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་གསུངས།

གཅིག་ནས་འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། མཉམ་ལས་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་དགོས། འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་ཟླ་གྲོགས་འབྲེལ་བར་ཤུགས་སྣོན་པ་དང་སྤྱི་ཁོག་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་པ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་བྱེད་པ། སྤྱི་ཁོག་སྲིད་ཇུས་མཐུན་སྦྱོར་གྱི“བརྟན་ཆས”སྐྲུན་པ། སྒོ་འབྱེད་དང་དཀྱེལ་ཡངས། མཐོང་ཆུང་མི་བྱེད་པ་བཅས་ཀྱི་རྒྱལ་སྤྱིའི་དཔལ་འབྱོར་གྱི་མཉམ་ལས་ཁོར་ཡུག་སྐྲུན་པ་བཅས་བྱེད་དགོས། སྤྱོད་བཟང་གཞུང་དྲང་གི་ཚོང་གཉེར་ཁོར་ཡུག་བསྐྲུན་ཏེ་རུལ་སུངས་ལ་གུ་ཡངས་གཏན་ནས་མི་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། མི་རྒྱུ་གཉིས་འདེད་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་དགོས།

 གཉིས་ནས་འཛམ་གླིང་ཧྲིལ་པོའི་དངུལ་རྩའི་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་དང་བརྟན་བརླིང་ཅན་གྱི་འཛམ་གླིང་གི་དཔལ་འབྱོར་འཛུགས་སྐྲུན་བྱེད་དགོས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གཏམ་བརྗོད་དབང་ཆ་དང་འཐུས་ཚབ་རང་བཞིན་ཇེ་ཆེར་གཏོང་དགོས་པ་དང་། མཉམ་དུ་རྒྱལ་སྤྱིའི་དངུལ་རྩའི་ཚོང་རའི་བརྟན་བརླིང་ལ་སྲུང་སྐྱོབ་བྱེད་དགོས་ལ། རྒྱལ་ཁབ་རང་གི་དངུལ་ལོར་སྲིད་ཇུས་ལེགས་སྒྲིག་བྱེད་པར་ལྡོག་ཕྱོགས་ཀྱི་ཕན་འབྲས་འབྱུང་བར་སྔོན་འགོག་བྱེད་དགོས། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་འདིའི་ཕྱོགས་ལ་འགན་འཁྲི་འཁུར་དགོས། དངུལ་རྩའི་ཉེན་ཁ་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་ཉེན་བརྡ་གཏོང་བ། ཐག་གཅོད་བཅས་ཀྱི་མ་ལག་འཐུས་ཚང་དུ་གཏོང་བ་དང་། འཛམ་གླིང་ཧྲིལ་པོའི་དངུལ་རྩའི་བདེ་འཇགས་དྲ་བ་བརྟན་པོར་འཛུགས་དགོས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལྗང་མདོག་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་སྔར་ལས་ལེགས་པར་སྐོང་དགོས།

གསུམ་ནས་འཛམ་གླིང་ཧྲིལ་པོའི་ཉོ་ཚོང་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་དང་སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་དགོས། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་བཅོས་སྒྱུར་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱེད་པ། དཔལ་འབྱོར་གྱི་གནད་དོན་ཆབ་སྲིད་ཅན་དུ་མི་འགྱུར་བ་དང་མི་ལ་རྐྱེན་བྱས་ཏེ་འཛམ་གླིང་ཧྲིལ་པོའི་ཁྲོམ་ར་ཁ་ཐོར་དུ་མི་འགྲོ་བར་བྱེད་པ། ལྗང་མདོག་ཐཱན་ཉུང་ལ་ཁ་གཡར་ནས་སྲུང་སྐྱོབ་རིང་ལུགས་ཀྱི་དོན་དངོས་ལག་བསྟར་མི་བྱེད་པ་བཅས་བྱས་ཏེ། སྔར་ལས་འདྲ་མཉམ་རང་བཞིན་དང་དཀྱེལ་ཡངས་རང་བཞིན། འཛུགས་སྐྲུན་རང་བཞིན་བཅས་ཀྱི་ཐོན་ལས་དང་མཁོ་སྤྲོད་ཕྲེང་འབྲེལ་གྱི་ཟླ་གྲོགས་འབྲེལ་བ་མཉམ་འཛུགས་བྱེད་དགོས།

བཞི་ནས་འཛམ་གླིང་ཧྲིལ་པོའི་གཞི་གྲངས་བཅོས་སྐྱོང་འཐུས་ཚང་དུ་བཏང་ནས་གསར་གཏོད་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་དགོས། གཞི་གྲངས་ཅན་གྱི་ཚུལ་སྒྱུར་དང་། གཞི་གྲངས་དཔལ་འབྱོར་དང་དངོས་ཕུང་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་བྱེད་པ། གསར་དར་ཁྱབ་ཁོངས་ཀྱི་སྒྲིག་སྲོལ་བཟོ་བ་བཅས་ཀྱི་སྣེ་ཁྲིད་དེ། མི་ཐབས་རིག་ནུས་ཀྱི་རྒྱལ་སྤྱིའི་བཅོས་སྐྱོང་དང་མཉམ་ལས་ལ་ཤུགས་བསྣན་ནས། མི་ཐབས་རིག་ནུས་དགེ་བའི་ཕྱོགས་སུ་འཕེལ་བ་དང་མིའི་རིགས་ཡོངས་ལ་བདེ་སྐྱིད་བསྐྲུན་རྒྱུར་འགན་ལེན་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས2025ལོར་འཛམ་གླིང་གི་མི་ཐབས་རིག་ནུས་ཚོགས་ཆེན་མུ་མཐུད་འཚོགས་ནས། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཁོངས་མི་རྣམས་དེའི་ཁྲོད་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།

ལྔ་ནས་འཛམ་གླིང་ཧྲིལ་པོའི་སྐྱེ་ཁམས་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་དང་། སྐྱེ་ཁམས་མཛའ་མཐུན་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་དགོས། ཐུན་མོང་ཡིན་ལ་ཁྱད་པར་ཡང་ཡོད་པའི་འགན་འཁྲིའི་རྩ་དོན་ལ་བརྩི་སྲུང་ཞུས་ནས། 《ཕ་རི་སིའི་གྲོས་ཆོད》དང《ཁུན་མེན་ནས་མིན་ཐི་ལིས་ཨར་བར་གྱི་འཛམ་གླིང་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྒྲོམ་གཞི》ཁྱོན་ཡོངས་དང་ནུས་ལྡན་ངང་དོན་འཁྱོལ་བྱེད་དགོས། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་དགོས་ངེས་ཀྱི་མ་དངུལ་དང་ལག་རྩལ། ནུས་པ་བཅས་འཛུགས་སྐྲུན་གྱི་ཐད་ནས་རྒྱབ་སྐྱོར་བྱེད་དགོས་པ་དང་། ད་ལོར་འཚོགས་འཆར་ཡོད་པའི་གནམ་གཤིས་ཀྱི་འགྱུར་ལྡོག་དང་ཐང་རྒོད་ཅན་གྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པར་རྒྱབ་སྐྱོར་བྱེད་དགོས། སྔོན་འཛུགས་རྗེས་གཏོར་རྒྱུན་འཁྱོངས་བྱས་ཏེ། ནུས་ཁུངས་གཙང་མ་དེས་བརྟན་བརླིང་དང་གོ་རིམ་ལྡན་པའི་སྒོ་ནས་སྲོལ་རྒྱུན་ནུས་ཁུངས་ཀྱི་ཚབ་བྱེད་དུ་འཇུག་རྒྱུ་དང་། འཛམ་གླིང་གི་དཔལ་འབྱོར་ལྗང་མདོག་དང་ཐཱན་ཉུང་ཚུལ་སྒྱུར་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ། ལྗང་མདོག་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ལྗང་མདོག་ནུས་ཁུངས། ལྗང་མདོག་གཏེར་ཐོན། ལྗང་མདོག་འགྲིམ་འགྲུལ་སོགས་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་རྒྱུན་མཐུད་ངང་ཇེ་དམ་དུ་བཏང་ནས། གང་ནུས་སྒོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱེད་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་འཛམ་གླིང་ཧྲིལ་པོའི་བདེ་འཇགས་བཅོས་སྐྱོང་བྱ་རྒྱུ་དེའང་འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་དེའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ནུས་པ་སྔར་ལས་ཆེ་བ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་དང་། འཁྲུག་རྩོད་ཞི་བས་ཐག་གཅོད་བྱེད་པར་ཕན་པའི་བརྩོན་པ་མཐའ་དག་ལ་རྒྱབ་སྐྱོར་བྱེད་དགོས། ཆབ་སྲིད་ཀྱི་ལམ་ནས་ཝུའུ་ཁི་ལན་གྱི་དམག་འཁྲུག་ཐག་གཅོད་བྱེད་པའི་ཐབས་ལམ་འཚོལ་བ་དང་། ཅཱ་ཧྲ་རུ་གང་མྱུར་སྒོས་དམག་འཁྲུག་མཚམས་འཇོག་རྒྱུར་སྐུལ་མ་བཏང་ནས། ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཞི་ལྷོད་དུ་གཏོང་རྒྱུ་དང་དམག་འཁྲུག་རྗེས་ཀྱི་བསྐྱར་སྐྲུན་ལ་རྒྱབ་སྐྱོར་བྱེད་དགོས། “རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་”དོན་འཁྱོལ་དང་ཕ་ལེ་སི་ཐན་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་སླར་གསོ་བྱེད་དགོས་ཞེས་གསུངས།

མཇུག་ཏུ་ཞི་ཅིན་ཕིང་གིས་ང་ཚོས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་བཙུགས་པའི་ཐོག་མའི་བསམ་འདུན་བསྐྱར་དྲན་བྱས་ཏེ། ལིས་ཡུའེ་རི་ནེ་ལུའུ་ནས་འགོ་བཙུགས་ཏེ་ཟླ་གྲོགས་འབྲེལ་བ་དར་སྤེལ་གཏོང་བ་དང་ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱས་ནས། ཐུན་མོང་འཕེལ་རྒྱས་དང་དར་རྒྱས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསྐྲུན་དགོས་ཞེས་གསུངས།

པ་ཞི་རྒྱལ་ཁབ་ཀྱི་ཙུང་ཐུང་ལུའུ་ལཱ་ཡིས་ཚོགས་འདུར་འགོ་འཛིན་བྱས།

རྩེ་ཚོགས་སྟེང་དུ། 《རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་ལིས་ཡུའེ་རི་ནེ་ལུའུ་རྩེ་ཚོགས་ཀྱི་བསྒྲགས་གཏམ》ལ་གྲོས་འཆམ་བྱུང་།

ཚའེ་ཆི་དང་ཝང་དབྱི་སོགས་གོང་གི་བྱ་འགུལ་ལ་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།