ཀྲུང་ཧྭའི་ཕྱི་རྒྱལ་མཛའ་འབྲེལ་ལྷན་ཚོགས་སྐབས་དྲུག་པའི་ལས་འཛིན་ཚོགས་ཆེན་ཐེངས་དང་པོ་བསྡུས།
2024.11.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ11པའི་ཚེས18ཉིན། ཀྲུང་ཧྭའི་ཕྱི་རྒྱལ་མཛའ་འབྲེལ་ལྷན་ཚོགས་སྐབས་དྲུག་པའི་ལས་འཛིན་ཚོགས་ཆེན་ཐེངས་དང་པོ་པེ་ཅིང་དུ་བསྡུས།     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གནང་།

ཀྲུང་ཧྭའི་ཕྱི་རྒྱལ་མཛའ་འབྲེལ་ལྷན་ཚོགས་སྐབས་དྲུག་པའི་ལས་འཛིན་ཚོགས་ཆེན་ཐེངས་དང་པོ་ཚེས18ཉིན་པེ་ཅིང་དུ་བསྡུས།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་བསྟན་དོན། དུས་རབས་གསར་པར་ཞང་ཀང་དང་ཨའོ་མིན།    ཐའེ་ཝན།    ཕྱི་རྒྱལ་བཅས་ཀྱི་མཛའ་འབྲེལ་བྱ་བ་ཡག་པོར་སྒྲུབ་པར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། མཐུན་སྒྲིལ་ཆེན་མོ་དང་མཉམ་འབྲེལ་ཆེན་མོ་རྒྱུན་འཁྱོངས་དང་།    རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་མཐོན་པོར་སྒྲེང་རྒྱུ་རྒྱུན་འཁྱོངས།    ཞང་ཀང་དང་ཨའོ་མིན།    ཐའེ་ཝན།    ཕྱི་རྒྱལ་བཅས་ཀྱི་འཐབ་ཕྱོགས་གཅིག་གྱུར་བྱ་བས་མི་སེམས་བརྩོན་ལེན་བྱེད་པའི་ནུས་པ་འདོན་སྤེལ་བྱ་རྒྱུ་རྒྱུན་འཁྱོངས་བཅས་བྱས་ནས། ཀྲུང་ཧྭའི་བུ་བུ་མོ་ཡོངས་ཀྱིས་སེམས་པ་གཅིག་ཏུ་སྒྲིལ་བ་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་ཆགས་པར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་མི་སེམས་གཅིག་ཏུ་སྒྲིལ་བ་དང་།    ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ།    བློ་གྲོས་གཅིག་ཏུ་སྒྲིལ་བ།    སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱེད་དགོས།

ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ75འཁོར་བའི་རིང་ལ། རླབས་ཆེན་མེས་རྒྱལ་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།     དུས་རབས་གསར་པར་སླེབས་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པ་དང་།   བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱུང་ལ།    སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་སྐྱོད་ལམ་གསར་པ་བཏོད་པ་དང་།    ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྔར་བྱུང་མྱོང་མེད་པའི་འོད་སྟོང་འཕྲོ་བའི་མདུན་ལྗོངས་མངོན་ཡོད། མེས་རྒྱལ་འཕེལ་རྒྱས་ཀྱི་རླབས་ཆེན་གྲུབ་འབྲས་ཐད་ཞང་ཀང་དང་ཨའོ་མིན།    ཐའེ་ཝན་བཅས་ཀྱི་སྤུན་ཟླ་དང་ཕྱིར་སྡོད་སྤུན་ཟླའི་རྒྱབ་སྐྱོར་དང་ལེགས་སྐྱེས་ཆེན་པོ་ཕུལ་ཡོད།    རླབས་ཆེན་གྱི་དུས་རབས་དང་འཕྲད་པ་དང་མེས་རྒྱལ་གྱི་རྒྱབ་རྟེན་བརྟན་པོ་ཡོད་པས།    རྒྱ་ཆེའི་ཞང་ཀང་དང་།    ཨའོ་མིན།    ཐའེ་ཝན་བཅས་ཀྱི་སྤུན་ཟླ་དང་ཕྱིར་སྡོད་སྤུན་ཟླས་མེས་རྒྱལ་ལ་དྲིན་ལན་འཇལ་བར་མདུན་ལམ་ཧ་ཅང་ཆེན་པོ་ཡོད་པ།    ཕུགས་འདུན་མངོན་འགྱུར་བྱེད་པར་འོད་སྟོང་འབར་བའི་མདུན་ལམ་ལྡན།

ཝང་ཧུའུ་ཉིང་གིས་ཀྲུང་ཧྭའི་ཕྱི་རྒྱལ་མཛའ་འབྲེལ་ལྷན་ཚོགས་ཀྱི་བྱ་བར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་།    ཁོང་གིས་ཀྲུང་ཧྭའི་ཕྱི་རྒྱལ་མཛའ་འབྲེལ་ལྷན་ཚོགས་ནི་ཞང་ཀང་དང་།    ཨའོ་མིན།    ཐའེ་ཝན་བཅས་དང་།    ཕྱི་རྒྱལ་གྱི་རྒྱལ་གཅེས་མི་སྣ་གོང་བུ་གཅིག་ཏུ་སྒྲིལ་བའི་སྟེགས་བུ་གལ་ཆེན་ཞིག་དང་།    རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་བུ་མོའི་མཐུན་སྒྲིལ་ཆེན་མོར་ཤུགས་སྣོན་པའི་ཟམ་པ་གལ་ཆེན་ཞིག མེས་རྒྱལ་གཅིག་གྱུར་དང་མི་རིགས་བསྐྱར་དར་ལ་གཞོལ་བའི་སྟོབས་ཤུགས་གལ་ཆེན་ཞིག་བཅས་རེད།  ཀྲུང་ཧྭའི་ཕྱི་རྒྱལ་མཛའ་འབྲེལ་ལྷན་ཚོགས་དང་རྒྱ་ཆེའི་ལས་འཛིན་པ་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་འགན་འཁྲི་སྔར་ལས་ཡག་པོ་འཁུར་བ་དང་།    རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་བུ་མོས་བཅོས་སྒྱུར་ལ་སྐུལ་འདེད་དང་འཕེལ་རྒྱས་དོན་གཉེར་གྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས། མེས་རྒྱལ་དར་རྒྱས་གོང་འཕེལ་གྱི་རླབས་ཆེན་གཟི་བརྗིད་མཉམ་སྤྱོད་བྱ་རྒྱུའི་རེ་བ་ཡོད། སྔར་ལས་ལྷག་པའི་སྒོ་ནས་ཞང་ཀང་དང་ཨའོ་མིན་ཡུན་རིང་དར་རྒྱས་དང་བརྟན་བརླིང་ཡོང་བར་འཐབ་ཇུས་དང་ནུས་ཤུགས་མཉམ་འདོན་བྱེད་པ་དང་།    “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་དང་གཞི་རྩའི་བཅའ་ཁྲིམས་ཕྱོགས་ཡོངས་དང་།    ཡང་དག་པ།    བློ་བརྟན་འགྱུར་མེད་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ།    རྒྱལ་གཅེས་ཀང་གཅེས་ཨའོ་གཅེས་བཅས་ཀྱི་སྟོབས་ཤུགས་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་བ།    ཞང་ཀང་དང་ཨའོ་མིན་རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་ཁྱོན་ཡོངས་སུ་མཉམ་འདྲེས་སྔར་ལས་ལེགས་པོ་ཡོང་བར་རྒྱབ་སྐྱོར་བཅས་བྱེད་དགོས།     མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་ཆེད་སེམས་ཤུགས་དང་སྟོབས་ཤུགས་སྔར་ལས་ལེགས་པའི་སྒོ་ནས་གཅིག་སྒྲིལ་བྱེད་པ་དང་།    ཀྲུང་གོ་གཅིག་གི་རྩ་དོན་དང“དགུ་གཉིས་ཐུན་མོང་ལྟ་བ”རྒྱུན་འཁྱོངས་བྱེད་པ།   ངོགས་གཉིས་ཀྱི་དཔལ་འབྱོར་རིག་གནས་བརྗེ་རེས་མཉམ་ལས་དང་།    ངོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་འདྲེས་འཕེལ་རྒྱས།    ངོགས་གཉིས་ཀྱི་སྤུན་ཟླའི་སེམས་པ་གཅིག་མཐུན་བཅས་ཀྱི་བྱ་བ་མང་ཙམ་སྒྲུབ་ཏེ། “ཐའེ་ཝན་རང་བཙན”གྱི་ཁ་བྲལ་བྱ་སྤྱོད་དང་ཕྱི་ཕྱོགས་སྟོབས་ཤུགས་ཀྱི་ཐེ་ཇུས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས།  མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་ཆེད་སྔར་ལས་ལེགས་པའི་བྱས་རྗེས་འཇོག་པ་དང་། ཧུར་ཐག་གིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་རིག་གནས་དཔལ་ཡོན་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་བཏང་ནས། ཀྲུང་གོའི་གཏམ་རྒྱུད་ཡག་པོར་བཤད་པ་དང་ཀྲུང་གོའི་གསུང་སྐད་བརྒྱུད་བསྒྲགས་བྱེད་དགོས་ཞེས་བསྟན།

གྲོས་ཚོགས་ཀྱི་སྔོན་དུ། ཝང་ཧུའུ་ཉིང་གིས་ཚོགས་ཆེན་ལ་ཞུགས་པའི་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་བར་མ་ཟད་ཚང་མ་དང་ལྷན་དུ་དྲན་རྟེན་འདྲ་པར་བླངས།    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཧྲི་ཐའེ་ཧྥིན་གོང་གསལ་གྱི་བྱེད་སྒོར་ཞུགས་པར་མ་ཟད། ཀྲུང་ཧྭའི་ཕྱི་རྒྱལ་མཛའ་འབྲེལ་ལྷན་ཚོགས་སྐབས་ལྔ་པའི་རྒྱུན་ལས་ལས་འཛིན་ལྷན་ཚོགས་ཀྱི་ཚབ་བྱས་ནས་བྱ་བའི་སྙན་ཞུ་ཕུལ། གྲོས་ཚོགས་སྟེང་ཧྲི་ཐའེ་ཧྥིན་ཀྲུང་ཧྭའི་ཕྱི་རྒྱལ་མཛའ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོར་བདམས་པ་དང་། ཚོགས་གཙོ་གཞོན་པ25དང་རྒྱུན་ལས་ལས་འཛིན་པ221བདམས་ཐོན་བྱུང་།

ཤ་བོ་རིན་མཚོས་བསྒྱུར།