ཞི་ཅིན་ཕིང་གིས་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨར་པ་ནེ་སི་ལ་མཇལ་འཕྲད་གནང་།
2024.11.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 38

ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལིས་ཡུའེ་རི་ནེ་ལུའུ་ནས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་སྐབས་སུ་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨར་པ་ནེ་སི་ལ་མཇལ་འཕྲད་གནང་།

ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལིས་ཡུའེ་རི་ནེ་ལུའུ་ནས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་སྐབས་སུ་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨར་པ་ནེ་སི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ན་ནིང་གི་ཟླ་བཅུ་གཅིག་པར། ང་ཚོས་པེ་ཅིང་ནས་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་འབྲེལ་བའི་ཡུན་རིང་འཕེལ་རྒྱས་ཀྱི་འཐབ་ཇུས་རང་བཞིན་དང་ཁྱོན་ཡོངས་རང་བཞིན། ཁ་ཕྱོགས་རང་བཞིན་བཅས་ཀྱི་གནད་དོན་ཐད་འབྲེལ་འདྲིས་གཏིང་ཟབ་བྱས་ཡོད། ལོ་གཅིག་གི་རིང་ལ། རྒྱལ་ཁབ་གཉིས་ཀྱི་རིམ་པ་སོ་སོའི་བར་དུ་འབྲེལ་འབྲིས་གཏིང་ཟབ་བྱས་ནས། ཧུར་ཐག་གིས་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱས་ཏེ། འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་གསལ་བླངས་ཡོད། ཀྲུང་གོ་དང་ཨོ་སི་ཁྲི་ལི་ཡའི་བར་དུ་རྩ་བའི་ཁེ་ཕན་གྱི་འགལ་བ་མེད་ཅིང་། ཕྱོགས་གཉིས་ཀྱིས་ཕན་ཚུན་བརྩི་བཀུར་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱས་ཚེ། ཀྲུང་གོ་དང་ཨོ་སི་ཁྲི་ལི་ཡའི་འབྲེལ་བ་དེ་འཕེལ་རྒྱས་སུ་འགྲོ་ངེས་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡ་དང་མཉམ་དུ། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་སྔར་ལས་བརྟན་འཇགས་དང་ཕན་འབྲས་ལྡན་པའི་སྒོ་ནས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། ས་ཁུལ་དང་འཛམ་གླིང་ལ་སྔར་ལས་མང་བའི་གཏན་འཁེལ་རང་བཞིན་དང་བརྟན་འཇགས་རང་བཞིན་འདོན་སྤྲོད་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཨོ་སི་ཁྲུ་ལི་ཡའི་ཁེ་ལས་ཉིས་བརྒྱ་ལྔ་བཅུ་ལྷག་ད་ལོའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་ཚོགས་འདུར་ཞུགས་ནས། ལོ་རྒྱུས་ཀྱི་ཆེས་མཐོ་བའི་ཟིན་ཐོ་བསྐྲུན་ཡོད་ལ། དེ་ནི་ཨོ་སི་ཁྲུ་ལི་ཡའི་ཁེ་ལས་ཕྱོགས་ཀྱིས་ཀྲུང་གོའི་དཔལ་འབྱོར་དང་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་དངུལ་གཏོང་ལ་ཡིད་ཆེས་བྱས་པའི་རྟགས་མཚན་རེད། ཕྱོགས་གཉིས་ཀྱིས་གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་རྣམ་པ་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡའི་སྤུས་ལེགས་ཐོན་རྫས་སྔར་ལས་མང་བ་ནང་འདྲེན་བྱེད་འདོད་ཡོད། ཀྲུང་གོའི་ཁེ་ལས་ཨོ་སི་ཁྲུ་ལི་ཡར་བསྐྱོད་ནས་ལས་སྐྲུན་བྱེད་པར་སྐུལ་འདེད་བྱེད་འདོད་ཡོད་ལ། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་འདྲ་མཉམ་དང་དྲང་གཞག ལུགས་མཐུན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་འདོན་སྤྲོད་བྱེད་པའི་རེ་བ་ཡོད། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡ་ནི་དཔལ་འབྱོར་གོ་ལ་ཅན་དང་རང་དབང་ཉོ་ཚོང་གི་རྒྱབ་སྐྱོར་པ་དང་སྲུང་སྐྱོབ་པ་ཡིན། ཕྱོགས་གཉིས་ཀྱིས་མཐུན་སྦྱོར་དང་མཉམ་ལས་ལ་ཤུགས་བསྣན་ནས། སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱས་ཏེ། རྒྱལ་ཁབ་སོ་སོས་སྒོ་འབྱེད་ཁྲོད་དུ་གོ་སྐབས་དང་ཁེ་ཕན་མཉམ་སྤྱོད་བྱེད་པར་སྐུལ་འདེད་བཏང་ནས། ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་དགོས།

ཨར་པ་ནེ་སི་ཡིས་བསྟན་དོན། ཀྲུང་གོའི་འཕེལ་རྒྱས་ཀྱིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་བརྟན་འཇགས་དང་འཕར་སྣོན་ལ་བྱས་རྗེས་གལ་ཆེན་བཞག་ཡོད། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་རྐྱེན་སྲོལ་ཁྲོད་དུ་ཀྲུང་གོས་ནུས་པ་གལ་ཆེན་འདོན་སྤེལ་བྱས་པར་བསྟོད་བསྔགས་བྱེད་ཀྱིན་ཡོད། ཀྲུང་གོས་ཉིས་སྟོང་ཉེར་དྲུག་ལོར་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགྲོན་བདག་བྱེད་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་འབྲེལ་འདྲིས་དང་ལ་ཤུགས་སྣོན་བྱས་ནས། ས་ཁུལ་ཞི་བདེ་བརྟན་འཇགས་དང་དར་རྒྱས་འཕེལ་རྒྱས་ལ་སྐུལ་འདེལ་གཏང་འདོད་ཡོད།

ཚའེ་ཆི་དང་ཝང་དབྱི་མཇལ་འཕྲད་ལ་ཞུགས།

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།