ས་དེའི་དུས་ཚོད་ཟླ11པའི་ཚེས19ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པ་ཞི་རྒྱལ་ཁབ་ཀྱི་གྲོང་ཁྱེར་ལིས་ཡུའེ་རི་ནེ་ལུའུ་རུ། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་ལ་ཞུགས་པའི་རིང་ལ། པོ་ལི་ཝེ་ཡའི་ཙུང་ཐུང་ཨར་སའེ་ལ་མཇལ་འཕྲད་གནང་།
ས་དེའི་དུས་ཚོད་ཟླ11པའི་ཚེས19ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པ་ཞི་རྒྱལ་ཁབ་ཀྱི་གྲོང་ཁྱེར་ལིས་ཡུའེ་རི་ནེ་ལུའུ་རུ། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་ལ་ཞུགས་པའི་རིང་ལ། པོ་ལི་ཝེ་ཡའི་ཙུང་ཐུང་ཨར་སའེ་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་པོ་ལི་ཝེ་ཡ་ནི་གྲོགས་པོ་བཟང་པོ་དང་སྤུན་ཟླ་བཟང་པོ་ཡིན། ཉེ་བའི་ལོ་འདི་དག་གི་རིང་ལ། རྒྱལ་ཁབ་གཉིས་ཀའི་འབྲེལ་བས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ནས། ཕྱོགས་གཉིས་ཀས་ཕན་ཚུན་བར་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་བྱེད་ཡུལ་གྱི་གནད་དོན་གལ་ཆེན་ཐད་ནས་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་མིག་མཐོང་ལག་ཟིན་གྱི་ཕན་པ་བསྐྲུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་པོ་ལི་ཝེ་ཡ་ཕྱོགས་ཀྱིས་རང་བཙན་རང་བདག་གི་སྒོ་ནས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་འཚོལ་ཞིབ་ཐད་རྒྱབ་སྐྱོར་བྱེད་རྒྱུ་ཡིན། སང་ལོ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ40འཁོར་བ་དེ་གོ་སྐབས་སུ་བརྩིས་ནས། པོ་ལི་ཝེ་ཡ་ཕྱོགས་དང་མཉམ་དུ། སྲོལ་རྒྱུན་མཛའ་མཐུན་དར་སྤེལ་དང་འཐབ་ཇུས་ཀྱི་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ། གཉིས་ཕན་མཉམ་ལས་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྣེ་ཁྲིད་བྱེད་འདོད་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ཕྱོགས་གཉིས་ཀས་སྲིད་གཞུང་དང་ཁྲིམས་འཛུགས་སྒྲིག་གཞི། སྲིད་ཏང་། ས་གནས་བཅས་ཀྱི་འགྲོ་འོང་ལ་ཤུགས་སྣོན་རྒྱུ་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་བརྗེ་རེས་ཟབ་མོ་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དེ་པོ་ལི་ཝེ་ཡའི2025ལོའི་འཕེལ་རྒྱས་འཆར་འགོད་དང་སྦྲེལ་མཐུད་ནུས་ལྡན་བྱས་ནས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་ས་མཐོའི་ཞིང་ལས། ལྗང་མདོག་འཕེལ་རྒྱས། གཞི་གྲངས་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་གསེར་གྱོམ་རྒྱལ་ཁབ་སོགས་ཕྱོགས་མང་ལམ་སྲོལ་མཉམ་ལས་ཟབ་སྤེལ་བྱས་ཏེ། འཛམ་གླིང་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཁག་གི་མཐུན་སྒྲིལ་འབད་བརྩོན་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ལཱ་ཏིང་མེ་གླིང་ས་ཁུལ་གྱི་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ནས། པོ་ལི་ཝེ་ཡ་ཕྱོགས་དང་མཉམ་དུ། ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་གླེང་སྟེགས་ལམ་སྲོལ་འཛུགས་རྒྱུར་ཤུགས་སྣོན་འདོད་ཡོད་ཅེས་ནན་གྱིས་གསུངས།
ཨར་སའེ་ཡིས་པོ་ལི་ཝེ་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། སང་ལོའི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ40འཁོར་བར་རྟེན་འབྲེལ་ཞུས་ཏེ། འཐབ་ཇུས་རོགས་རེས་འབྲེལ་བ་སྔར་ལས་ཟབ་སྤེལ་གཏོང་བ་དང་། རྨང་གཞིའི་སྒྲིག་ཆས་ཕན་ཚུན་སྦྲེལ་མཐུད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ། རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་དམངས་ལ་བདེ་སྐྱིད་བསྐྲུན་པ་བཅས་བྱེད་འདོད་ཡོད། པོ་ལི་ཝེ་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། གསེར་གྱོམ་རྒྱལ་ཁབ་དང་ཀྲུང་གོ་དང་ལཱ་ཏིང་མེ་གླིང་གླེང་སྟེགས་སོགས་ཕྱོགས་མང་ལམ་སྲོལ་གྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ཅེས་བསྟན།
ཚའེ་ཆི་དང་ཝང་དབྱི་སོགས་མཇལ་འཕྲད་ལ་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།