ཏེན་ཞུའེ་ཞང་གིས་ཧུང་ཏུའུ་ར་སིའི་ཙུང་ཐུང་གཞོན་པ་ཧྥེ་ལོ་ལུན་ཏིས་ནོ་དང་། ཙན་པི་ཡའི་ཙུང་ཐུང་གཞོན་པ་ལུའུ་མན་ཀི། ཡོ་ནན་གྱི་ཙུང་ལི་གཞོན་པ་ལིས་ཁྲིན་ལུང་བཅས་ལ་མཇལ་འཕྲད་གནང་།
2024.11.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 37

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་ཚེས19ཉིན་གྱི་ཕྱི་དྲོ་ཀྲེ་ཅང་ཝུའུ་ཀྲིན་དུ་ཀྲུང་གོར2024ལོའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་ཝུའུ་ཀྲིན་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་ཧུང་ཏུའུ་ར་སིའི་ཙུང་ཐུང་གཞོན་པ་ཧྥེ་ལོ་ལུན་ཏིས་ནོ་དང་། ཙན་པི་ཡའི་ཙུང་ཐུང་གཞོན་པ་ལུའུ་མན་ཀི། ཡོ་ནན་གྱི་ཙུང་ལི་གཞོན་པ་ལིས་ཁྲིན་ལུང་བཅས་ལ་མཇལ་འཕྲད་གནང་།

ཟླ11པའི་ཚེས19ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་ཀྲེ་ཅང་ཝུའུ་ཀྲིན་དུ2024ལོའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་ཝུའུ་ཀྲིན་རྩེ་ཚོགས་ལ་ཞུགས་པའི་ཧུང་ཏུའུ་ར་སིའི་ཙུང་ཐུང་གཞོན་པ་ཧྥེ་ལོ་ལུན་ཏིས་ནོ་ལ་མཇལ་འཕྲད་གནང་།

ཧྥེ་ལོ་ལུན་ཏིས་ནོ་ལ་མཇལ་འཕྲད་གནང་སྐབས། ཏེན་ཞུའེ་ཞང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཁཱ་སི་ཐི་ལུའོ་ཡིས་མཉམ་དུ་ཀྲུང་གོ་དང་ཧུང་ཏུའུ་ར་སིའི་བར་འབྲེལ་བ་འཛུགས་པའི་ཆབ་སྲིད་ཐད་ཀྱི་ཐག་གཅོད་དེ་ནི་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན།     ཀྲུང་གོ་ཕྱོགས་ཀྱིས་ཧུང་ཏུའུ་ར་སི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་མཛུབ་ཁྲིད་གཞིར་བཟུང་ནས། ཕྱོགས་གཉིས་ཀྱི་སྲོག་ཤིང་གི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དང་།    འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ།    ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་ཧུང་ཏུའུ་ར་སིའི་འབྲེལ་བའི་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་བསྐྲུན་འདོད་ཡོད།

ཧྥེ་ལོ་ལུན་ཏིས་ནོ་ཡིས་བསྟན་དོན། ཧུང་ཏུའུ་ར་སི་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་པར་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན།     ཧུང་ཏུའུ་ར་སི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྟན་པོར་སྲུང་ནས། ཀྲུང་གོའི་བར་གྱི་གཉིས་ཕན་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་པོའི་ངང་ཡུན་རིང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

ཟླ11པའི་ཚེས19ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་ཀྲེ་ཅང་ཝུའུ་ཀྲིན་དུ་2024ལོའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་ཝུའུ་ཀྲིན་རྩེ་ཚོགས་ལ་ཞུགས་པའི་ཙན་པི་ཡའི་ཙུང་ཐུང་གཞོན་པ་ལུའུ་མན་ཀི་ལ་མཇལ་འཕྲད་གནང་།

ཙན་པི་ཡའི་ཙུང་ཐུང་གཞོན་པ་ལུའུ་མན་ཀི་ལ་མཇལ་འཕྲད་གནང་སྐབས། ཏེན་ཞུའེ་ཞང་གིས་བསྟན་དོན། ཀྲུང་གོ་དང་ཙན་པི་ཡ་ནི་སྲོལ་རྒྱུན་མཛའ་བརྩེ་ལྡན་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོ་ཡིན་པ་དང་། ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་།    མཐུན་སྒྲིལ་རོགས་རེས།    ལག་གདང་སྦྲེལ་ནས་མདུན་སྐྱོད་བཅས་བྱས་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་དང“འཛམ་གླིང་ལྷོ་ཕྱོགས”ཀྱི་མཐུན་སྒྲིལ་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད།     ཀྲུང་གོ་ཕྱོགས་ཀྱིས་ཙན་པི་ཡ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་དང་ཞིང་ལས།    གཏེར་ཐོན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཀྲུང་གོ་དང་ཙན་པི་ཡའི་འབྲེལ་བ་སྔར་ལས་མཐོ་བའི་ཆུ་ཚད་དུ་སླེབས་སུ་འཇུག་འདོད་ཡོད།

ལུའུ་མན་ཀི་ཡིས་བསྟན་དོན། ཙན་པི་ཡ་དང་ཀྲུང་གོའི་བར་གྱི་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན།     ཙན་པི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་ཙན་པི་ཡའི་འཕེལ་རྒྱས་ལ་རྒྱབ་སྐྱོར་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུ།    ཕྱོགས་ཡོངས་ནས་ཀྲུང་གོ་དང་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ཙན་པི་ཡ་དང་ཀྲུང་གོ། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་བར་གྱི་འབྲེལ་བ་སྔར་ལས་ལེགས་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

ཟླ11པའི་ཚེས19ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་ཀྲེ་ཅང་ཝུའུ་ཀྲིན་དུ2024ལོའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་ཝུའུ་ཀྲིན་རྩེ་ཚོགས་ལ་ཞུགས་པའི་ཡོ་ནན་གྱི་ཙུང་ལི་གཞོན་པ་ལིས་ཁྲིན་ལུང་ལ་མཇལ་འཕྲད་གནང་།

ཡོ་ནན་གྱི་ཙུང་ལི་གཞོན་པ་ལིས་ཁྲིན་ལུང་ལ་མཇལ་འཕྲད་གནང་སྐབས། ཏེན་ཞུའེ་ཞང་གིས་བསྟན་དོན། ཀྲུང་གོ་དང་ཡོ་ནན་རྒྱལ་ཁབ་གཉིས་ནི་རི་ཆུ་འབྲེལ་བའི་སྤྱི་ཚོགས་རིང་ལུགས་ཀྱི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན་ལ།    གྲོགས་པོ་བཟང་པོ་དང་།    བློ་མཐུན་བཟང་པོ།    ཟླ་གྲོགས་བཟང་པོ་བཅས་ཡིན།     སང་ལོ་ནི་ཀྲུང་གོ་དང་ཡོ་ནན་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བའི་ལོ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཡོ་ནན་ཕྱོགས་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་མཉམ་དུ་དོན་འཁྱོལ་ཡག་པོ་བྱས་ཏེ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་།    ཕན་ཚུན་འབྲེལ་མཐུད་དང་།    ཚོང་དོན་དངུལ་གཏོང་། ཆ་འཕྲིན་ལག་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ།  ཕྱོགས་ཡོངས་ནས་ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་པ་སྔར་ལས་མང་པོ་བསྐྲུན་འདོད་ཡོད།

ལིས་ཁྲིན་ལུང་གིས་བསྟན་དོན། ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ལ་གྲུབ་འབྲས་ཆེན་པོ་བླངས་པར་རྟེན་འབྲེལ་ཞུ། ཡོ་ནན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་མཐོ་རིམ་གྱི་འགྲོ་འོང་གཏིང་ཟབ་ཏུ་གཏོང་བ་དང་། དངོས་སྒྲུབ་མཉམ་ལས་ལ་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཆུ་ཚད་མཐོ་བའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན།

ལིས་ཧྲུའུ་ལེ་གོང་གསལ་གྱི་ཐུག་འཕྲད་ལ་ཞུགས།

ཤ་བོ་རིན་མཚོས་བསྒྱུར།