ཚེས20ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་ཀྲེ་ཅང་ཝུའུ་ཀྲིན་དུ2024ལོའི་འཛམ་གླིང་མཉམ་འབྲེལ་དྲ་རྒྱའི་ཚོགས་ཆེན་གྱི་ཝུའུ་ཀྲིན་རྩེ་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གཙོ་དོན་གསུང་བཤད་གནང་།
ཟླ11ཚེས20ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་ཀྲེ་ཅང་ཝུའུ་ཀྲིན་དུ2024ལོའི་འཛམ་གླིང་མཉམ་འབྲེལ་དྲ་རྒྱའི་ཚོགས་ཆེན་གྱི་ཝུའུ་ཀྲིན་རྩེ་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གཙོ་དོན་གསུང་བཤད་གནང་།
ཏེན་ཞུའེ་ཞང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་ནས་རྟེན་འབྲེལ་ཞུས་པ་ལས། འཛམ་གླིང་མཉམ་འབྲེལ་དྲ་རྒྱའི་ཚོགས་ཆེན་གྱི་ཝུའུ་ཀྲིན་རྩེ་ཚོགས་ལ་ཚད་མཐོའི་མཐོང་ཆེན་གནང་བ་ལེགས་པར་མཚོན་ཡོད། ཀྲུང་གོས་མཉམ་འབྲེལ་དྲ་རྒྱ་འཕེལ་རྒྱས་གཏོང་རྒྱུ་དེ་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གོ་སྐབས་གལ་ཆེན་ཞིག་ཏུ་བརྩིས་ནས། མཉམ་འབྲེལ་དྲ་རྒྱ་ཧུར་ཐག་གིས་སྤྱོད་པ་དང་འཕེལ་རྒྱས་ཆེན་པོ་བཏང་སྟེ་དྲ་རྒྱའི་རྒྱལ་ཁབ་སྟོབས་ལྡན་དང་གཞི་གྲངས་ཀྲུང་གོ་འཛུགས་སྐྲུན་བྱེད་པར་གོམ་སྟབས་གལ་ཆེན་ཞིག་སྤོས་ཡོད། ཀྲུང་གོས་རྒྱལ་ཁབ་སོ་སོ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པ་རྒྱུན་འཁྱོངས་བྱས་ནས། གཞི་གྲངས་ཅན་དང་། དྲ་རྒྱ་ཅན། རིག་ནུས་ཅན་བཅས་ཀྱི་མདུན་སྐྱོད་ཁ་ཕྱོགས་ལ་མཉམ་དུ་སྣེ་ཁྲིད་བྱས་ཏེ། འཛམ་གླིང་དེང་རབས་ཅན་དུ་འགྱུར་བར་སྒུལ་ཤུགས་ཆེན་པོ་བསྣན་ཡོད་ཅེས་བསྟན།
ཏེན་ཞུའེ་ཞང་གིས་མིག་སྔར་མཉམ་འབྲེལ་དྲ་རྒྱ་དང་། གཞི་གྲངས་ཆེན་མོ། སྤྲིན་རྩིས། མི་ཐབས་རིག་ནུས། ཚན་ཚན་ཕྲེང་འབྲེལ་སོགས་ལག་རྩལ་ལ་རྒྱུན་ཆད་མེད་པར་ཐོད་བརྒལ་བྱུང་ནས། དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བཞིན་ཡོད་མོད། འོན་ཀྱང་གཞི་གྲངས་ཀྱི་ཧེ་བག་སྔར་བཞིན་ཆེ་རུ་འགྲོ་བཞིན་ཡོད་པ་དང་དྲ་རྒྱའི་བདེ་འཇགས་ཀྱི་གནས་བབ་སྔར་ལས་ཛ་དྲག་ཆེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དུས་སྐབས་གང་ལས་ཀྱང་ལག་གདང་སྦྲེལ་ནས་དྲ་རྒྱའི་བར་སྟོང་གི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་དེ་དུས་མཚམས་གསར་པར་སླེབས་པར་སྐུལ་འདེད་བཏང་སྟེ་སྔར་ལས་མཛེས་སྡུག་ལྡན་པའི“ གཞི་གྲངས་ཀྱི་འབྱུང་འགྱུར”ཞིག་གཏོད་དགོས་་ཞེས་ནན་གྱིས་བསྟན། ཁོང་གིས་གྲོས་གཞི4བཏོན་པ་སྟེ། གཅིག་ནི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་ཚང་དུ་བཏང་ནས་དྲ་རྒྱའི་བར་སྟོང་གི་ལས་སྐལ་གཅིག་མཐུན་མངོན་འགྱུར་བྱེད་དགོས། ཕྱོགས་མང་རིང་ལུགས་ངོ་མ་རྒྱུན་འཁྱོངས་དང་། རྒྱལ་ཁབ་སོ་སོའི་དྲ་རྒྱའི་བདག་དབང་ལ་བརྩི་འཇོག་བྱས་ཏེ། སྔར་ལས་ལུགས་མཐུན་དང་དྲང་གཞག སྒོ་འབྱེད་བསྟུན་མཁས། བདེ་འཇགས་བརྟན་བརླིང་། སྐྱེ་སྟོབས་དང་གསོན་ཤུགས་ལྡན་པ་བཅས་ཀྱི་དྲ་རྒྱའི་བར་སྟོང་གཏོད་དགོས། གཉིས་ནི་མཐུན་སྦྱོར་གསར་སྐྲུན་ལ་ཤུགས་བསྣན་ནས། དྲ་རྒྱའི་ཆ་འཕྲིན་ལག་རྩལ་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། མི་ཐབས་རིག་ནུས་དང་། གཞི་གྲངས་ཆེན་མོ། ཚན་ཚན་ཕྲེང་འབྲེལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཧུར་ཐག་གིས་རྒྱ་བསྐྱེད་པ་དང་། རྨང་གཞིའི་ཞིབ་འཇུག་དང་མདུན་གྲལ་ལག་རྩལ་གྱི་མཉམ་འབྲེལ་འགག་སྒྲོལ་ལ་སྐུལ་འདེད་བཏང་ནས། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་གཞི་གྲངས་ཚན་རྩལ་གསར་སྐྲུན་གྱི་གསོན་ཤུགས་ཕན་ཚུན་འགྲན་སྡུར་ངང་འཕེལ་བ་དང་གསར་སྐྲུན་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་ཐོན་པར་བྱེད་དགོས། གསུམ་ནི་དྲང་སྙོམས་ཀུན་ཕན་ལ་ཤུགས་སྣོན་པ་དང་། མཉམ་འབྲེལ་དྲ་རྒྱ་འཕེལ་རྒྱས་ཀྱི་གྲུབ་འབྲས་གོ་ལ་ཧྲིལ་པོས་ལོངས་སུ་སྤྱོད་པར་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ཆ་འཕྲིན་ཅན་དུ་འགྱུར་བར་ཧུར་ཐག་གིས་སྐུལ་འདེད་གཏོང་བ་དང་། གཞི་གྲངས་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་མཉམ་ལས་ཟབ་སྤེལ་བྱེད་པ། དམངས་འཚོའི་ཁྱབ་ཁོངས་ཀྱི་ཆ་འཕྲིན་ལག་རྩལ་ཁྱབ་གདལ་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། གཞི་གྲངས་ཅན་གྱི་གྲུབ་འབྲས་ཀྱིས་རྒྱལ་ཁབ་སོ་སོའི་མི་དམངས་ལ་སྔར་ལས་ལྷག་པར་ཕན་ཐོགས་པར་བྱེད་དགོས། བཞི་ནི་བཅའ་ཁྲིམས་དང་སྒྲིག་སྲོལ་རྒྱུན་འཁྱོངས་བྱས་ནས། དྲ་རྒྱའི་བདེ་འཇགས་འགོག་སྲུང་ཆུ་ཚད་མཐོ་རུ་གཏོང་དགོས། དྲ་རྒྱའི་བར་སྟོང་གི་བདེ་འཇགས་མཉམ་ལས་ཟབ་སྤེལ་དང་། ལག་རྩལ་བཟང་ཕྱོགས་སུ་འཕེལ་བར་ཤུགས་སྣོན། མི་ཐབས་རིག་ནུས་སོགས་ཚན་རྩལ་འཕེལ་རྒྱས་ལས་བྱུང་བའི་སྒྲིག་སྲོལ་གྱི་འགལ་བ་དང་། སྤྱི་ཚོགས་ཀྱི་ཉེན་ཁ། མི་ཆོས་ཀྱི་འགྲན་སློང་བཅས་ལ་ཁ་གཏད་འོས་འཚམ་འཇལ་དགོས།
ཧུང་ཏུའུ་ར་སིའི་ཙུང་ཐུང་གཞོན་པ་ཧྥོ་ལོ་ལུན་ཏིས་ནོ་དང་། ཙན་པི་ཡའི་ཙུང་ཐུང་གཞོན་པ་ན་ལུའུ་མན་ཀི། ཡའོ་ནན་གྱི་ཙུང་ལི་གཞོན་པ་ལིས་ཁྲིན་ལུང་སོགས་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་སྔ་རྗེས་སུ་ཤིས་ཚིག་ཕུལ།
འགོ་རྩོམ་མཛད་སྒོ་གྲོལ་རྗེས། ཏེན་ཞུའེ་ཞང་གིས་ཝུའུ་ཀྲིན་གྱི“མཉམ་འབྲེལ་དྲ་རྒྱའི་འོད་སྣང”ཞེས་པའི་དངོས་མང་བཤམས་སྟོན་ཚོགས་འདུ་དང་ཝུའུ་ཀྲིན་གྱི་འཛམ་གླིང་མཉམ་འབྲེལ་དྲ་རྒྱའི་ཚན་རྩལ་ཁང་ལ་གཟིགས་ཞིབ་གནང་བ་དང་། འགྲེམས་སྟོན་ལ་ཞུགས་པའི་ལས་ཁུངས་ཀྱི་འགན་འཁུར་བ་དང་ཕན་ཚུན་བརྗེ་རེས་མཛད།
ལིས་ཧྲུའུ་ལེ་གོང་གསལ་གྱི་མཛད་སྒོར་ཞུགས།
རྒྱལ་ཁབ་ཕྱི་ནང་གི་སྲིད་གཞུང་གི་དཔོན་རིགས་དང་། འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ། གོ་ལ་ཧྲིལ་པོའི་མཉམ་འབྲེལ་དྲ་རྒྱའི་ཁེ་ལས་ཀྱི་འཐུས་མི་དང་ཆེད་མཁས་པ་སོགས་མི1800ལྷག་འགོ་རྩོམ་མཛད་སྒོར་ཞུགས།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།