ཝུའུ་ཞའོ་ཅུན་གྱིས་ཀྲུང་གོ་འཛུགས་སྐྲུན་སྡེ་ཚོགས་ཀྱི་སྤྱི་གཉེར་པ་ཝུན་པེན་སོགས་ལ་ཐུག་འཕྲད་བྱས།
2024.11.21 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 39

 ཟླ11ཚེས20ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་དུ་ཀྲུང་གོ་འཛུགས་སྐྲུན་སྡེ་ཚོགས་ཀྱི་སྤྱི་གཉེར་པ་ཝུན་པེན་སོགས་ལ་ཐུག་འཕྲད་བྱས།

ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཝུན་པེན་སོགས་ལ་དགའ་བསུ་ཞུས་པ་དང་། ཀྲུང་གོ་འཛུགས་སྐྲུན་སྡེ་ཚོགས་ཀྱིས་མཚོ་སྔོན་ལ་རྒྱབ་སྐྱོར་ཆེན་པོ་བྱས་པར་ཐུགས་རྗེ་ཆེ་ཞུས། ཁོས་བཤད་རྒྱུར། མིག་སྔར་མཚོ་སྔོན་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།  སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པ་དང་། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་བཅས་ཀྱི་ཐད་སྟོབས་ཤུགས་གཅིག་སྒྲིལ་གྱིས་སྐུལ་འདེད་གཏོང་བཞིན་ཡོད། ཕྱོགས་གཉིས་ཀྱིས་ད་ཡོད་ཀྱི་མཉམ་ལས་རྨང་གཞིའི་ཐོག་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཁྱབ་ཁོངས་རྒྱ་བསྐྱེད་པ། རྣམ་པ་གསར་གཏོད་བྱེད་པ། བཟོ་སྐྲུན་ལས་རིགས་ཀྱི་ལག་རྩལ་གསར་པ་དང་ལས་རྣམ་གསར་པ་འཚོལ་ཞིབ་ལེགས་པོ་བྱས་ཏེ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། རྣམ་པ་གསར་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ། ལྗང་མདོག་རྩིས་ནུས་འཕེལ་རྒྱས་སོགས་ཐད་ཀྱི་མཉམ་ལས་ཟབ་སྤེལ་དང་།  མཐོ་སྒང་ས་ཁུལ་གྱི་ལྗང་མདོག་ཐཱན་ཉུང་རྣམ་པའི་སྒྲིག་སྦྱོར་འཛུགས་སྐྲུན་ཁྱབ་གདལ་དང་བེད་སྤྱོད་བྱས་ནས། ཚད་ལྡན་བཟོ་སྐྲུན་དང་དཔེ་སྟོན་བཟོ་སྐྲུན་ཁག་ཅིག་ཧུར་ཐག་གིས་བསྐྲུན་པར་རེ་བ་བཅངས་ཡོད།

ཝུན་པེན་གྱིས་ཀྲུང་གོ་འཛུགས་སྐྲུན་སྡེ་ཚོགས་ཁེ་ལས་ཀྱི་གནས་ཚུལ་མདོར་བསྡུས་དང་མཚོ་སྔོན་དུ་ཁེ་ལས་འཕེལ་རྒྱས་བཏང་བའི་གནས་ཚུལ་ངོ་སྤྲོད་བྱས་པར་མ་ཟད།  མ་དངུལ་དང་། ལག་རྩལ། ཤེས་ལྡན་མི་སྣ། དོ་དམ་བཅས་ཀྱི་ལེགས་ཆ་སྔར་ལས་འདོན་སྤེལ་བྱེད་པ་དང་། འཛུགས་སྐྲུན་བྱེད་བཞིན་པའི་ལས་གཞིར་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་བ།  ལས་གཞི་འཛུགས་སྐྲུན་དང་། ཚན་རྩལ་གསར་སྐྲུན། ལས་ཞུགས་གསོ་སྦྱོང་སོགས་ཐད་ཀྱི་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་རྒྱུ་ཡིན་ཞེས་བསྟན།

ཧི་ལུའུ་ཁྲུན་མཉམ་དུ་ཐུག་འཕྲད་ལ་ཞུགས།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།