མཚོ་སྔོན་ཞིང་ཆེན་གྱི་ན་གཞོན་བྱ་བའི་མཉམ་འབྲེལ་ཚོགས་འདུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་བསྡུས།
2024.11.21 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 33

 ཟླ11ཚེས20ཉིན། མཚོ་སྔོན་ཞིང་ཆེན་གྱི་ན་གཞོན་བྱ་བའི་མཉམ་འབྲེལ་ཚོགས་འདུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ཟི་ལིང་དུ་བསྡུས་ཏེ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ན་གཞོན་བྱ་བའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། དུས་ཡུན་འབྲིང་རིང་གི་ན་གཞོན་འཕེལ་རྒྱས་འཆར་འགོད་ལག་བསྟར་བྱ་བའི་པུའུ་བར་གྱི་མཉམ་འབྲེལ་ཚོགས་འདུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་།  གོམ་སྟབས་རྗེས་མའི་བྱ་བ་གཙོ་བོ་བཀོད་སྒྲིག་བྱས།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།  ཧྲིན་ཀྲང་གཞོན་པ་ཝང་ཧའེ་ཧུང་གིས་ཚོགས་འདུར་འགོ་འཛིན་བྱས།

ཚོགས་འདུའི་ཐོག་ན་གཞོན་བྱ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ཐུགས་ཁུར་དང་དོ་ཁུར་གནང་བའི་དོན་ཆེན་ཞིག་དང་། སྤྱི་ཚོགས་ཡོངས་ཀྱི་ཕྲག་ཏུ་ཡོད་པའི་ཐུན་མོང་གི་འགན་འཁྲི་དང་ལས་འགན་གལ་ཆེན་ཞིག་ཡིན།  འདས་ཟིན་པའི་ལོ་གཅིག་རིང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ།  རང་འགན་གཙང་སྒྲུབ་དང་། ནུས་ཤུགས་ཡོད་རྒུས་སྐུལ་སྤེལ། མཉམ་དུ་འགག་སྒྲོལ་བཅས་བྱས་པས།  ན་གཞོན་བྱ་བའི་སྒྲིག་སྲོལ་དང་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་པ་དང་།  ན་གཞོན་གྱི་བསམ་བློ་དང་ཀུན་སྤྱོད། སློབ་གསོ། བདེ་ཐང་། ལས་ཞུགས་ལས་གཏོད་སོགས་ཐད་ཀྱི་ལས་དོན་ལ་སྐུལ་འདེད་ནུས་ལྡན་ཐོབ་ཅིང་། ན་གཞོན་འཚར་ལོངས་དང་འཇོན་ཐང་ཅན་དུ་འགྱུར་བའི་ཁོར་ཡུག་སྔར་ལས་ལེགས་པ་དང་། ལས་དོན་སྣ་ཚོགས་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད་ཅེས་བསྟན།

གྲོས་ཚོགས་ཐོག་ནན་གྱིས་བསྟན་དོན།  ད་ལོ་ནི《2016ལོ་ནས2025ལོའི་བར་གྱི་དུས་ཡུན་འབྲིང་རིང་གི་ན་གཞོན་འཕེལ་རྒྱས་འཆར་འགོད》ཀྱི་མཇུག་བསྡུ་བ་དང་འཆར་འགོད་གསར་པ་བཟོ་འགོད་བྱེད་པའི་འབྲེལ་མཚམས་ཀྱི་ལོ་ཡིན་པས།   བྱ་བའི་ལས་འགན་དང་དམིགས་ཚད་བླང་བྱ་སྣ་ཚོགས་ནན་ཏན་གྱིས་འདོན་པ་དང་། ཆད་ཐོ་དོ་དམ་གྱི་རྩིས་ཐོའི་ལམ་སྲོལ་བཙུགས་ཏེ།  ཆད་ལུས་ཞིབ་བཤེར་ཁ་གསབ་དང་། འགག་སྒྲོལ་དཀའ་སེལ། ནུས་ཤུགས་ཡོད་རྒུས་མཐའ་མའི་གདོང་མཆོང་བཅས་བྱས་ནས། ད་ཡོད་ཀྱི་བྱ་བའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་འཕེལ་རིམ་རྗེས་ལུས་ཀྱི་དམིགས་ཚད་ལ་ལྟ་སྐུལ་སྒྲུབ་གཉེར་བྱས་ཏེ།  《འཆར་འགོད》བདེ་བླག་ངང་མཇུག་བསྒྲིལ་བའི་བྱ་བ་ལེགས་པོར་སྒྲུབ་དགོས།  གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ།   ན་གཞོན་གྱི་ལས་ཞུགས་དང་།  སྡོད་ཁང་གླ་བ།  གཉེན་སྒྲིག  ལུས་སེམས་བདེ་ཐང་སོགས་ཐད་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུ་དེ་གཙོ་གནད་དུ་འཛིན་པ་དང་།  སྲིད་ཇུས་ལག་བསྟར་གནད་འཁེལ་བྱས་ནས།   ན་གཞོན་རྣམས་ལ་དོན་ངོ་མའི་ཐོག་ནས་རོགས་རམ་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་གི་བྱེད་ཐབས་བཟང་བོ་འདི་ལེགས་པར་སྤྱོད་པ་དང་། ན་གཞོན་གྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱེད་པ། ན་གཞོན་གྱི་རེ་ཞུ་ཁོང་དུ་ཆུད་པར་བྱེད་པ་བཅས་བྱས་ཏེ།   སྔ་སྣུར་སྒོས་སྐོར་ཐེངས་གསར་པའི《འཆར་འགོད》སྒྲིག་བཟོའི་བྱ་བར་ཇུས་འགོད་བྱས་ནས།  ན་གཞོན་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་སྐུལ་འདེད་ལེགས་པོ་བྱེད་དགོས།

གྲོས་ཚོགས་ལས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཁག་ཁུར་ཇེ་དྲག་ཏུ་གཏོང་བ་དང་། མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། མཉམ་འཛིན་སྤྱི་སྒྲུབ་བཅས་བྱས་ནས་ན་གཞོན་བྱ་བ་དམ་འཛིན་ལེགས་པོ་བྱས་ཏེ། སྲིད་ཇུས་ཐད་ཕན་ཚུན་གཞོགས་འདེགས་དང་། ལག་བསྟར་ཁྲོད་ཕན་ཚུན་སྐུལ་འདེད།  བྱ་བའི་ཐད་ཕན་ཚུན་རམ་འདེགས་བཅས་བྱེད་པ་དང་།  མཉམ་འགུལ་གྱི་བྱ་བའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ནས།  ན་གཞོན་བྱ་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་དུས་རབས་གསར་པའི་ན་གཞོན་ཡག་པོ་གསོ་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན།

ཚོགས་འདུའི་ཐོག་གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས2023ལོའི་ན་གཞོན་འཕེལ་རྒྱས་འཆར་འགོད་ལག་བསྟར་བྱས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། ཞིང་ཆེན་བསྡོམས་རྩིས་ཅུའུ་ཡིས2023ལོའི་ན་གཞོན་འཕེལ་རྒྱས་འཆར་འགོད་ལག་བསྟར་དང་བསྡོམས་རྩིས་ལྟ་ཞིབ་ཚད་ལེན་བྱས་ཚུལ་གསལ་བཤད་བྱས། ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་། ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིན་བཅས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།