རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ11པའི་ཚེས22ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ལ་འགོ་འཛིན་མཛད་ནས། ལས་སྟེགས་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེན་ཆེའི་རྫས་འགྱུར་དངོས་རྫས་ཀྱི་བདེ་འཇགས་བཅའ་ཁྲིམས(འཆར་ཟིན)》ལ་གྲོས་བསྡུར་བྱས་པ་དང་། 《རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་འཛིན་ཁྲིམས་སྲོལ་ཁག་ཅིག་ལ་བཟོ་བཅོས་དང་མེད་པར་བཟོ་བའི་སྐོར་གྱི་གཏན་འབེབས(འཆར་ཟིན)》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།
གྲོས་ཚོགས་ལས་བསྟན་དོན། ལས་སྟེགས་འཕེལ་རྒྱས་ཀྱི་དཔལ་འབྱོར་ནི་ནང་མཁོ་རྒྱ་བསྐྱེད་པ་དང་། ལས་ཞུགས་བརྟན་པར་བྱེད་པ། དམངས་ཚིས་ལ་ཕན་འདོགས་པ་བཅས་དང་འབྲེལ་བ་ཡོད་ལ། དངོས་ཕུང་དཔལ་འབྱོར་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་དང་ཡང་འབྲེལ་བ་ཡོད། ལས་སྟེགས་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྤྱི་འདོམས་མཛུབ་ཁྲིད་བྱ་རྒྱུར་སྔར་ལས་ཤུགས་སྣོན་པ་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། བཟོ་ལས་ཀྱི་མཉམ་འབྲེལ་དྲ་རྒྱའི་ལས་སྟེགས་མ་ལག་སྟོབས་ཆེར་གཏོང་བ། འཛད་སྤྱོད་མཉམ་འབྲེལ་དྲ་རྒྱའི་ལས་སྟེགས་ཁེ་ལས་ཀྱིས་ཁྲོམ་རའི་སྦས་ཤུགས་སྔོག་འདོན་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། ལས་སྟེགས་དཔལ་འབྱོར་ཁྱབ་ཁོངས་ཀྱི་གཞི་གྲངས་རྒྱུ་ཆ་གཙོ་བོ་འདོན་སྤྲོད་བྱ་རྒྱུར་ཤུགས་སྣོན་པ། གཞི་གྲངས་ཁྲིམས་ལྟར་གོ་རིམ་ལྡན་པའི་ངང་ས་ཁོངས་ལས་བརྒལ་ནས་འཁོར་སྐྱོད་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ལས་སྟེགས་དཔལ་འབྱོར་ཁྱབ་ཁོངས་ཀྱི་སྲིད་ཇུས་དང་སྤྱི་ཁོག་སྲིད་ཇུས་ཀྱི་ཁ་ཕྱོགས་གཅིག་མཐུན་རང་བཞིན་ཆེ་རུ་གཏོང་དགོས། ཁྲོམ་རའི་འགྲན་རྩོད་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ། ལས་སྟེགས་ཁེ་ལས་ཀྱི་གཉེར་སྐྱོང་ཚད་ལྡན་དང་། གོ་རིམ་ལྡན་པའི་འགྲན་རྩོད། སྤུས་ཚད་མཐོར་གཏོང་བཅས་ལ་སྐུལ་འདེད་བཏང་ནས། ཕྱོགས་སོ་སོའི་གཙོ་གཟུགས་ཀྱི་གཉིས་ཕན་མཉམ་རྒྱལ་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། འཛད་སྤྱོད་པ་དང་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་ལ་དངོས་གནས་འགན་སྲུང་བྱེད་པ་དང་། དྲ་ཐོག་གི་འཛད་སྤྱོད་ཞུ་གཏུག་ཡོངས་བསྒྲགས་དང་འཛད་སྤྱོད་རྗེས་ཀྱི་གདེང་འཇོག་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ། ལས་སྟེགས་ཁེ་ལས་ལ་ཁྲིམས་ལྟར་ལས་མི་བཀོལ་སྤྱོད་ཚད་ལྡན་དུ་གཏོང་བའི་མཛུབ་ཁྲིད་བཅས་བྱས་ནས། ལས་སྟེགས་དཔལ་འབྱོར་གྱིས་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ནུས་པ་གལ་ཆེན་སྔར་ལས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས།
གྲོས་ཚོགས་ལས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེན་ཆེའི་རྫས་འགྱུར་དངོས་པོའི་བདེ་འཇགས་བཅའ་ཁྲིམས(འཆར་ཟིན)》ལ་གྲོས་བསྡུར་བྱས་པར་མ་ཟད་རྩ་དོན་ཐོག་གྲོས་འཆམ་བྱུང་བ་དང་འཆར་ཟིན་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུ་རེད། གྲོས་ཚོགས་ལས་བསྟན་དོན། ཉེན་ཆེའི་རྫས་འགྱུར་དངོས་རྫས་ཀྱི་བདེ་འཇགས་དམ་འཛིན་ནན་མོ་བྱས་ཏེ། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ་དང་། བདེ་འཇགས་ཨང་དང་པོ་དང་། སྔོན་འགོག་གཙོར་འཛིན་པ། ཕྱོགས་བསྡུས་བཅོས་སྐྱོང་བཅས་རྒྱུན་འཁྱོངས་བྱས་ཏེ། བདེ་འཇགས་ཉེན་ཁ་རིམ་དབྱེ་དོ་དམ་ཚོད་འཛིན་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྐྱོང་གི་སྔོན་འགོག་ལམ་སྲོལ་འཛུགས་པ་དང་། ཐོན་སྐྱེད་དང་གསོག་འཇོག བེད་སྤྱོད། ཚོང་གཉེར། སྐྱེལ་འདྲེན་སོགས་གོ་རིམ་ཧྲིལ་པོའི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་དགོས། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲིར་ཤུགས་སྣོན་པ་དང་། སྲིད་གཞུང་གི་ལྟ་སྐུལ་དོ་དམ་འགན་འཁྲི་དོན་འཁྱོལ་བྱེད་པ། སྡེ་ཁག་ལས་བརྒལ་བ་དང་ས་ཁོངས་ལས་བརྒལ་བའི་མཉམ་འབྲེལ་ཁྲིམས་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ། དོན་རྐྱེན་ཚབས་ཆེན་དང་ཆེས་ཚབས་ཆེན་འབྱུང་བར་དོགས་ཟོན་དང་མཐའ་གཅིག་ཏུ་བཀག་འགོག་བཅས་བྱ་དགོས། ཉེན་ཡོད་རྫས་འགྱུར་དངོས་རྫས་ཀྱི་བདེ་འཇགས་འབྱུང་རྩ་ནས་བཅོས་སྒྲིག་བྱ་རྒྱུར་ཤུགས་སྣོན་པ་དང་། ལས་ཞུགས་མི་སྣའི་ཆེད་ལས་རྩལ་ནུས་ཆེ་རུ་གཏོང་བ། གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེས་སྲིད་ཇུས་བེད་སྤྱོད་ཡག་པོ་བྱེད་པ། རྫས་འགྱུར་བཟོ་ལས་ཀྱི་སྒྲིག་ཆས་རྙིང་པ་མེད་པར་བཟོ་བ་དང་ཕྱིར་འཐེན་བྱེད་པ། གསར་བརྗེ་སྒྱུར་བཀོད་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་བཅས་བྱས་ནས། བདེ་འཇགས་ཀྱི་ཉེན་ཁ་ཚད་གཞི་མཐོ་བའི་སྒོ་ནས་ཇེ་ཆུང་དུ་གཏོང་དགོས།
གྲོས་ཚོགས་ལས《སྨན་བཅོས་ཡོ་བྱད་ཀྱི་ལྟ་སྐུལ་དོ་དམ་སྲོལ་ཡིག》སོགས་སྲིད་འཛིན་ཁྲིམས་སྲོལ21གི་དོན་ཚན་སྐོར་ཞིག་ལ་བཟོ་བཅོས་བྱས་པ་དང་།《རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ཨུ་ཡོན་ལྷན་ཁང་དང་དེ་མིན་ལས་སྒྲུབ་ལས་ཁུངས་ཀྱི་གནད་དོན་འགའ་ཞིག་སྐོར་གྱི་གཏན་འབེབས》སོགས་སྲིད་འཛིན་ཁྲིམས་སྲོལ4མེད་པར་བཟོ་རྒྱུའི་གཏན་འབེབས་བྱས།
གྲོས་ཚོགས་ལས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།
ཤ་བོ་རིན་མཚོས་བསྒྱུར།