ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས20ནས22ཉིན་བར་ཧའེ་ནན་དུ་རྟོག་ཞིབ་མཛད། ཁོང་གིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། འཐབ་ཕྱོགས་གཅིག་གྱུར་ཆེན་པོའི་བྱ་བའི་རྣམ་པ་འཐུས་ཚང་དུ་གཏོང་བ། འཐབ་ཕྱོགས་གཅིག་གྱུར་གྱི་མཆོག་ནོར་གྱི་ནུས་པ་ཆེན་པོ་འདོན་སྤེལ་གང་ལེགས་བཅས་བྱས་ཏེ། ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་པོ་གཏོང་ཆེད་སེམས་ཤུགས་གཅིག་ཏུ་སྒྲིལ་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས20ནས22ཉིན་བར་ཧའེ་ནན་དུ་རྟོག་ཞིབ་མཛད། པར་འདི་ནི་ཟླ11པའི་ཚེས20ཉིན། ཝང་ཝུའུ་ཉིང་གིས་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་ཞིན་ཧེ་གྲུ་ཁའི་ཕྱོགས་བསྡུས་འགྲུལ་སྐྱེལ་ལྟེ་གནས་ནས་འགག་སྒོ་སྒྲོལ་བའི་དོ་དམ་འཁོར་སྐྱོད་བྱེད་ཚུལ་ལ་རྒྱུས་ལོན་གནང་བཞིན་པའི་ཚུལ་རེད།
ཝང་ཧུའུ་ཉིང་གིས་སྔ་རྗེས་སུ་ཧའེ་ཁུག་དང་ཆོང་ཧའེ། སན་ཡ་བཅས་སུ་རྟོག་ཞིབ་མཛད་པ་དང་། གྲུ་ཁའི་ཕྱོགས་བསྡུས་འགྲུལ་སྐྱེལ་ལྟེ་གནས་དང་། སློབ་གྲྭ་ཆེ་འབྲིང་། ཐའེ་ཝན་གྱི་དངུལ་གཏོང་ཁེ་ལས། ལིས་རིགས་སྡེ་བ། ཚན་ཞིབ་ལས་ཁུངས། ལོ་རྒྱུས་རིག་གནས་སྲང་ལམ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་སོགས་སུ་བསྐྱོད་དེ། ཧའེ་ནན་གྱི་རང་མོས་ཚོང་དོན་གྲུ་ཁའི་བཀག་སྡོམ་ལས་གཉེར་འགག་སྒོ་འཛུགས་སྐྲུན་དང་དོ་དམ་འཁོར་སྐྱོད། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས། ཐའེ་ཝན་སྤུན་ཟླའི་དངུལ་གཏོང་ལས་སྐྲུན། ཚན་རྩལ་གྲོང་འཆར་འགོད་འཛུགས་སྐྲུན། ཕྱིར་ལོག་རང་མིའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བེད་སྤྱོད། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དོ་དམ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་བར་མ་ཟད། སྐྱེ་ཁུངས་ཐའེ་ཝན་ནས་ཡིན་པའི་དགེ་སློབ་དང་བསམ་བློ་བརྗེ་རེས་དང་། གྲངས་ཉུང་མི་རིགས་ཀྱི་མང་ཚོགས་བཅས་ལ་འཚམས་འདྲི་ཡང་གནང་།
ཝང་ཧུའུ་ཉིང་གིས་བསྟན་དོན། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་རྒྱུ་ནི་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་ཀྱི་ཇུས་ཆོད་ཤིག་ཡིན་ལ། ཧའེ་ནན་གྱིས་ཕྱོགས་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་གཏོང་བའི་ལས་འགན་གལ་ཆེན་ཞིག་ཀྱང་ཡིན། འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཐད་ཁྱད་སྟོབས་དང་ནུས་པ་འདོན་སྤེལ་བྱས་ཏེ་ཕྱོགས་སོ་སོའི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ནས། དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ངོགས་གཉིས་ཀྱི་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བ་དང་། ངོགས་གཉིས་ཀྱི་དཔལ་འབྱོར་རིག་གནས་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཕྱིར་སྡོད་རང་མིའི་བློ་གྲོས་དང་སྟོབས་ཤུགས་འདོན་སྤེལ་བྱེད་པ་བཅས་ཀྱི་ཐད་ཆ་རྐྱེན་བསྐྲུན་པ་དང་། ལས་སྟེགས་བསྐྲུན་ཏེ་ཐའེ་ཝན་སྤུན་ཟླ་དང་ཕྱིར་སྡོད་རང་མིའི་ལས་སྐྲུན་ལས་དར་དང་། སློབ་སྦྱོང་དང་ལས་ཞུགས་སོགས་ཀྱི་དགོས་མཁོ་སྔར་ལས་ལེགས་པོར་སྐོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་སློབ་གྲྭའི་སློབ་གསོ་དང་། གྲོང་གསེབ་འཛུགས་སྐྲུན། སྡེ་ཁུལ་འཛུགས་སྐྲུན། རིག་གནས་ཡུལ་སྐོར། དཔལ་ཡོན་གསར་འཛུགས་བཅས་ཀྱི་ཁྲོད་དོན་འཁྱོལ་སྔར་ལས་ལེགས་པོ་བྱས་ཏེ། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་དང་གྲངས་ཉུང་མི་རིགས་ཀྱི་གནས་ངེས་གཏན་མེད་པའི་མི་གྲངས་ཀྱི་ཞབས་ཞུ་དོ་དམ་སོགས་ཀྱི་བྱ་བ་ཡག་པོར་སྒྲུབསནས། མི་རིགས་བར་གྱི་འགྲོ་འོང་དང་། བརྗེ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས། ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱས་ཏེ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བར་བརྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བར་ཤུགས་སྣོན་དགོས། ཏང་ཕྱིའི་ཤེས་ལྡན་མི་སྣའི་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་བསྣན་ཏེ། ཏང་ཕྱིའི་ཤེས་ལྡན་མི་སྣས་ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་ཁྲོད་དུ་བྱས་རྗེས་འཇོག་པར་ཁྲིད་སྟོན་བྱེད་དགོས། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ལས་འགན་དོན་འཁྱོལ་བྱ་རྒྱུ་དམ་འཛིན་ཡག་པོ་བྱས་ཏེ། འཐབ་ཕྱོགས་གཅིག་གྱུར་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
ཝང་ཧུའུ་ཉིང་ད་དུང་ཧའེ་ནན་ཞིང་ཆེན་སྲིད་གྲོས་ལས་ཁུངས་དང་། སན་ཡ་གྲོང་ཁྱེར་གྱི་སྲིད་གྲོས་ལས་ཁུངས་སུ་རྟོག་ཞིབ་གནང་བར་ཕེབས་ཤིང་། ཧའེ་ཁིའུ་དང་སན་ཡ་རུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པར་འཚམས་འདྲི་ཞུས། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དབུ་བརྙེས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ཡག་པོར་སྒྲུབ་པ་དང་། མི་དམངས་སྲིད་གྲོས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས། སེམས་ནུས་གཅིག་སྒྲིལ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཐད་རྒྱུན་ཆད་མེད་པར་རང་ཉིད་ཀྱི་ནུས་ཤུགས་ཕུལ་ཏེ་བྱས་རྗེས་འཇོག་དགོས།
ཧྲི་ཐའེ་ཧྥིན་གྱིས་མཉམ་དུ་རྟོག་ཞིབ་བྱས།
ཤ་བོ་རིན་མཚོས་བསྒྱུར།