ཟླ11པའི་ཚེས22ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་སྒྲིག་བཟོ་དང་ལས་གཞི་གལ་ཆེན་ལ་ཇུས་འགོད་བྱེད་པའི་ཆེད་དོན་གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་རེ་བ་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ། སྔར་ལས་རང་འགུལ་གྱིས་རྒྱལ་ཡོངས་ཀྱི་སྤྱིའི་བྱ་བའི་ཁྲོད་འདྲེས་པར་བྱེད་པ་དང་ཞབས་འདེགས་ཞུ་བ། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་འབད་བརྩོན་ལྷོད་མེད་བྱེད་པ། ངར་སེམས་ཆེར་བསྐྱེད་པ་དང་དཀའ་ངལ་ཁྱད་སེལ་བྱེད་པ། འཆར་འགོད་ཀྱི་སྣེ་ཁྲིད་དང་ལས་གཞིའི་སྐུལ་ཁྲིད་ནུས་པ་འདོན་སྤེལ་སྔར་ལས་བཟང་བོ་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་དགོས།
ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཧ་ལམ་མངོན་འགྱུར་བྱེད་པའི་སྔ་རྗེས་རྒྱུན་མཐུད་ཀྱི་གནད་འགག་གི་དུས་སྐབས་ཡིན་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་བའི་ལོ་རྒྱུས་ཀྱི་གོ་སྐབས་དང་མཁྲེགས་གཏོར་འགག་སྒྲོལ་དུས་སྐབས་ཀྱང་ཡིན་པས། ཆབ་སྲིད་ཀྱི་གོ་གནས་སྔར་ལས་ཇེ་མཐོར་གཏོང་བ་དང་ལོ་རྒྱུས་ཀྱི་ཕྱོགས་གནས་ཁོང་དུ་ཆུད་པར་བྱེད་པ། མདོ་དབུས་མཐོ་སྒང་དང་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་པ་དང་། དུས་རབས་གསར་བའི་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བར་དམིགས་ནས། རྒྱལ་ཡོངས་ཀྱི་སྤྱིའི་བྱ་བའི་ཁྲོད་འདྲེས་པར་བྱེད་པ་དང་ཞབས་འདེགས་ཞུ་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་ཀྱི་སྤྱིའི་བསམ་ཕྱོགས་དང་སྒྲོམ་གཞིའི་མ་ལག འཕེལ་རྒྱས་ཀྱི་དམིགས་འབེན་དང་བྱ་བའི་བྱེད་ཐབས་ལ་ཇུས་འགོད་བཟང་བོ་བྱེད་དགོས། ཞིང་ཆེན་གྱི་གནས་ཚུལ་དངོས་ལ་རྐང་བཙུགས་ནས། ཀྲུང་ཧྭའི་ཆུ་མཛོད་ལ་ཞིབ་འཇུག་དང་སྲུང་སྐྱོབ་བྱེད་པ་དང་། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ། མཁར་གྲོང་ཁུལ་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བ། སློབ་གསོ་དང་ཚན་རྩལ་འཇོན་མིའི་གཞི་གཅིག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བཅོས་སྒྱུར་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་བྱེད་པ་དང་ཆུ་ཚད་སྔར་ལས་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པར་སྐུལ་འདེད་གཏོང་བ། དམངས་ཚིས་ཀྱི་བདེ་སྐྱིད་ཇེ་ཆེར་གཏོང་བ་དང་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་སྔར་ལས་བཟང་བོ་བྱེད་པ། སྲིད་ཇུས་ཀྱི་སློབ་སྦྱོང་དང་བརྟག་བཤེར་ཞིབ་འཇུག་ལ་ཤུགས་སྣོན་པ། ཉམས་མྱོང་བཟང་བོ་དང་སྔོན་ཐོན་བྱེད་ཐབས་ལ་སློབ་སྦྱོང་བྱེད་པ། བྱ་བའི་ཁ་གཏད་རང་བཞིན་དང་ཕན་ལྡན་རང་བཞིན་ཇེ་དྲག་ཏུ་བཏང་སྟེ། འཆར་འགོད་སྒྲིག་བཟོའི་སྤུས་ཚད་དང་ཆུ་ཚད་མཐོར་འདེགས་གཏོང་དགོས།
ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ལས་གཞི་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་འདེགས་སྐྱོར་གལ་ཆེན་ཡིན་པས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་ཐོན་ལས་ཀྱི་གནས་བཞི་མཉམ་བསྲེས་འཕེལ་རྒྱས་སུ་གཏོང་བར་དམ་དུ་དམིགས་པ་དང་། བཟོ་ལས་དང་ནུས་ཁུངས། འགྲིམ་འགྲུལ། ཆུ་བེད། རྩིས་ནུས། སྐྱེ་ཁམས། ཚན་རྩལ། ཞིང་ཕྱུགས། དམངས་ཚིས་སོགས་ཁྱབ་ཁོངས་ཀྱི་ལས་གཞི་གལ་ཆེན་སྐོར་ཞིག་ལ་གཅིག་འདོམས་ཇུས་འགོད་བྱེད་པ། ལས་གཞི་མྱུར་དུ་མཛོད་དུ་འཇུག་པ་དང་ཉར་གསོག་ལས་གཞི་མྱུར་དུ་ལག་བསྟར་བྱེད་པ། འཛུགས་སྐྲུན་བྱེད་བཞིན་པའི་ལས་གཞི་སྤེལ་རིམ་ཇེ་མགྱོགས་སུ་གཏོང་བར་ཇུས་འགོད་དང་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བའི་ལས་གཞིར་བརྟེན་ནས་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་དངུལ་གཏོང་རྒྱ་བསྐྱེད་པ། འཕར་སྣོན་བརྟན་འཇགས་སུ་གཏོང་དགོས། བཅོས་སྒྱུར་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་ལས་གཞི་ཇུས་འགོད་འཛུགས་སྐྲུན་དམ་འཛིན་བྱེད་པ་དང་། བསམ་ཕྱོགས་དང་མིག་རྒྱ་སྔར་ལས་ཆེར་བསྐྱེད་པ། གོ་སྐབས་དམ་འཛིན་བྱེད་པ་དང་སྤྱིའི་ཡོངས་ཁྲོད་འདྲེས་པར་བྱེད་པ། ཉེ་རིང་ཟུང་འབྲེལ་དང་ཕན་ལྡན་སྦྲེལ་མཐུད་བྱེད་པ། ནང་དུ་འདྲེན་པ་དང་ཕྱིར་གཏོང་བ་གཉིས་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་ཤར་ནུབ་རྒྱུད་རོགས་ལས། ས་གནས་གཏན་ཁེལ་བྱས་ནས་རོགས་སྐྱོར་བྱེད་པ་བཅས་ཀྱི་བྱ་བའི་རྐྱེན་སྲོལ་བཀོལ་སྤྱོད་བཟང་བོ་བྱེད་པ། ཚོང་འགུག་དངུལ་འདྲེན་བྱེད་ཤུགས་ཇེ་ཆེར་གཏོང་བ། ལས་གཞི་ཇུས་འགོད་སྔོན་གྱི་བྱ་བ་བཟང་བོར་བསྒྲུབ་པ། རང་འགུལ་གྱིས་ལས་གཞི་བརྩོན་ལེན་བྱེད་པ། ལས་གཞིའི་གྲུབ་ཚད་དང་བསྒྱུར་ཚད་ཇེ་མཐོར་བཏང་ནས། དཔལ་འབྱོར་འཕར་སྣོན་གྱི་གནས་གསར་བ་གྲུབ་པར་བྱེད་དགོས།
ཝུའུ་ཞའོ་ཅུན་གྱིས་ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་པའི་འགན་འཁྲིའི་འདུ་ཤེས་དང་བྲེལ་མྱུར་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ལས་བྱེད་པས་སྒྲུབ་དགོས་པ་དང་རིགས་ལམ་གསལ་དགོས་པ། རང་གཅུན་ནན་དགོས་པའི་བྱ་བའི་རེ་བ་ལག་བསྟར་ནན་མོ་བྱེད་པ། གཟབ་ནན་གྱི་སྤྱོད་ཚུལ་དར་སྤེལ་གཏོང་བ། བྱ་བའི་སྤུས་འབྲས་མཐོར་འདེགས་གཏོང་བ། ནུས་ཤུགས་ཡོད་ཚད་འདོན་པ་དང་འགན་འཁྲི་ཕྲག་ཏུ་ལེན་པ། བཀོད་གཏོང་ལ་ཤུགས་སྣོན་པ་དང་སྲིད་ཇུས་གནད་ལ་འཁེལ་བ་སྤྱོད་པ། དཔལ་འབྱོར་བསྐྱར་འཕར་དང་ཇེ་བཟང་དུ་འགྲོ་བའི་རྣམ་པ་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་ནས། ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ཧུར་ཐག་གིས་མངོན་འགྱུར་བྱེད་དགོས་པའི་རེ་བ་བཏོན།
ཞིང་ཆེན་གྱི་འགོ་ཁྲིད་ཚེ་རིང་ཐར་དང་དབྱང་ཀྲི་ཝུན། ཧི་ལུའུ་ཁྲུན། ཝང་ཧའེ་ཧུང་བཅས་གྲོས་ཚོགས་ལ་ཞུགས། འབྲེལ་ཡོད་སྡེ་ཁག་གིས་བྱ་བ་ཡར་ཞུ་བྱས།
རིན་ཆེན་མཚོས་བསྒྱུར།