ཝུའུ་ཞའོ་ཅུན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གསར་འཛུགས་བྱ་བར་རྟོག་ཞིབ་བྱས།
2024.11.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

ཟླ11པའི་ཚེས23ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མཚོ་བྱང་ཁུལ་རྐང་ཚ་རྫོང་དང་། མཚོ་ལྷོ་ཁུལ་གུང་ཧོ་རྫོང་དུ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་མཚོ་སྔོན་པོའི་དཔེ་སྟོན་ཁུལ་བསྐྲུན་པའི་བྱ་བར་ལྟ་སྐུལ་མཛུབ་ཁྲིད་བྱེད་སྐབས།    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།   ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ།    ཚད་ལྡན་ཅན་གྱི་སྣེ་ཁྲིད་རྒྱུན་འཁྱོངས་བྱེད་པ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་དཔེ་སྟོན་ཁུལ་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གཞི་གཅིག་ཅན་དུ་འགྱུར་བར་སྤྱི་འདོམས་བྱེད་པ།    སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས།    དམངས་ཚིས་འགན་སྲུང་བཅས་གཅིག་གྱུར་དམ་ཟབ་ཡོང་བར་བྱས་ཏེ།    དམིགས་འབེན་གཏན་འཁེལ་དང་མཉམ་ཤུགས་གཅིག་སྒྲིལ།    བཅོས་སྒྱུར་གསར་སྐྲུན།   ལམ་སྲོལ་འཐུས་ཚང་དུ་གཏོང་བ།    དཔེ་སྟོན་ཚད་གཞི་དང་དཔེ་སྟོན་མ་ལག་མགྱོགས་མྱུར་ངང་ཆགས་པ་བཅས་བྱས་ནས། དཔེ་སྟོན་ཁུལ་འཛུགས་སྐྲུན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ནན་མོ་གཏོང་དགོས་པ་ནན་གྱིས་བསྟན།

རྐང་ཚ་རྫོང་རོང་འབྲོག་པའི་སྐྱེ་ཁམས་བདེ་འགོད་སྡེ་ཁུལ་དུ་བསྐྱོད་ནས། ཝུའུ་ཞའོ་ཅུན་གྱིས་ཁྱིམ་ཚང་གི་ཁང་བ་འཆར་འགོད་དང་ཆ་སྡེབས་སྒྲིག་ཆས། ལས་གཞིའི་མྱུར་ཚད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོས་བཤད་རྒྱུར། རོང་འབྲོག་པའི་གནས་སྤོ་བདེ་འགོད་ནི་དམངས་ཚིས་བཟོ་སྐྲུན་ཡིན་ལ་དམངས་སེམས་བཟོ་སྐྲུན་ཡང་རེད། ཆ་སྡེབས་མཁྲེགས་ཆས་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་།    སྤྱི་ཚོགས་དོ་དམ་དང་སྤྱི་པའི་ཞབས་ཞུ་ཡག་པོར་སྒྲུབ་པ།    ཐོན་ལས་གསོ་སྐྱོང་བྱེད་རྒྱུར་མཐོང་ཆེན་བྱས་ཏེ། རོང་འབྲོག་མང་ཚོགས་བདེ་སྡོད་དང་བག་ཕེབས་ཡོང་བར་བྱེད་དགོས།   ཁྱོན་རྒྱས་ཡུལ་ཚོ་ཉྭ་ནག་སོ་མ་སྡེ་བ་རུ། ཝུའུ་ཞའོ་ཅུན་གྱིས་ཡུལ་དངོས་སུ་རོང་འབྲོག་པའི་སྡོད་ཁང་དང་ཆུ་རྒྱས་ནས་རྩྭ་ས་ཆུས་བསྣུབས་པའི་གནོད་འཚེ་ཕོག་ཡུལ་ལ་རྟོག་ཞིབ་བྱས་པར་མ་ཟད། ཉེན་གཡོལ་གནས་སྤོར་ཚན་རིག་དང་མཐུན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་།    བདེ་འཇགས་འགན་སྲུང་བྱེད་ཐབས་དོན་འཁྱོལ་ཡག་པོ་བྱེད་པ།    མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་གང་ལེགས་བྱེད་པ་བཅས་བྱས་ཏེ། ཐབས་ལམ་མང་པོའི་ཐོག་ནས་གནས་སྤོས་མང་ཚོགས་ལས་ཞུགས་བྱེད་ཐུབ་པར་སྐུལ་འདེད་གཏོང་དགོས།     རྐང་ཚ་རྫོང་ལྷ་ཆབ་ཁུག་སྐྱེ་ཁམས་ཉམས་ལེན་ཁུལ་དང་།    གུང་ཧོ་རྫོང་རྟ་ནག་མ་གྲོང་རྡལ་གྱི་པཎ་ཆེན་ལབ་ཙེའི་མཛེས་ལྗོངས་ཁུལ་དང་།    ནུ་ལྕེ་ལྗོངས་ཁུལ།    རིག་སྨོན་དང་མཚོ་སྔོན་པོ། ཚྭ་ཁ་བཅས་ཀྱི་གཞུང་ལམ་གྱི་དུས་སྐབས་གཉིས་པའི་ལས་གཞིའི་ཡུལ་དངོས་སུ། ཝུའུ་ཞའོ་ཅུན་གྱིས་ཡུལ་སྐོར་ཞབས་ཞུའི་འགན་སྲུང་དང་། གད་སྙིགས་དང་བཙོག་ཆུ་ཐག་གཅོད། ལྗོངས་ཁུལ་སྒྱུར་བཀོད་རིམ་སྤོར། ལས་གཞི་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྒྱུན་ལོན་ཞིབ་མོ་བྱས་པ་དང་། ཆུ་ཚད་མཐོ་བའི་འཆར་འགོད་དང་ཇུས་འགོད། དོ་དམ། སྲུང་སྐྱོབ་བཅས་རྒྱུན་འཁྱོངས་བྱས་ཏེ། ལྗོངས་ཁུལ་དོ་དམ་དང་ཞབས་ཞུའི་ཆུ་ཚད་རིམ་སྤོར་བྱས་ནས། ཡུལ་སྐོར་པ་རྣམས་དགའ་སྤྲོའི་ངང་ནས་ཡོང་བ་དང་བློ་ཡིད་ཚིམ་པའི་ངང་ཕྱིར་ལོག་ཏུ་འཇུག་དགོས་པ་ནན་གྱིས་བསྟན།

དེའི་རྗེས་འཚོགས་པའི་ཆེད་དོན་ཚོགས་འདུའི་སྟེང་། ཝུའུ་ཞའོ་ཅུན་གྱིས་དཔེ་སྟོན་ཁུལ་བཙུགས་པའི་ཚུན་ལ་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་གོ་རིམ་རྗེས་མའི་བྱ་བར་བཀོད་སྒྲིག་བྱས།  ཁོས་བསྟན་དོན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ། གད་སྙིགས་གནོད་མེད་ཅན་དང་བཙོག་ཆུ་ཚད་ལྡན་ཅན་གྱི་ཐག་གཅོད་ལ་ཤུགས་སྣོན་པ་དང་།    ཡུལ་སྐོར་གསང་སྤྱོད་ཚད་ལྡན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།   སྐྱེ་ཁམས་གཞི་གཅིག་ཅན་གྱི་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་པ།    ལས་གཞི་འཛུགས་སྐྲུན་གྱི“དཔང་ཡིག་གསུམ”གྱི་དོ་དམ་དངོས་འབེབ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་ཡག་པོ་བྱེད་དགོས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ། སྔོན་ལ་འཆར་འགོད་དང་གཅིག་གྱུར་གྱི་ཚད་གཞི་རྒྱུན་འཁྱོངས་བྱས་ནསA5རིམ་པའི་མཛེས་ལྗོངས་ཁུལ་རིམ་སྤོར་དང་སྒྱུར་བཀོད་བྱ་རྒྱུ་བྱེད་ཐབས་སུ་བྱས་ནས། མཚོ་སྐོར་ཡུལ་སྐོར་ཞབས་ཞུའི་རྨང་གཞིའི་སྒྲིག་ཆས་དོ་དམ་འཐུས་ཚང་དུ་བཏང་སྟེ་མཚོ་སྔོན་པོའི་སྐྱེ་ཁམས་ཡུལ་སྐོར་གྱི་རྣམ་པ་གསར་པ་མངོན་པར་བྱེད་དགོས་པའི་བླང་བྱ་བཏོན།  ཕྱོགས་ཡོངས་ནས་ཞིང་འབྲེལ་ཞིང་ཁྲིད་ཞིང་ཕྱུག་གི་ཆུ་ཚད་ཇེ་མཐོར་གཏོང་བ་དང་།    ཚད་ལྡན་གཅིག་གྱུར་གྱི་གཉེར་སྐྱོང་དོ་དམ་ཚད་གཞིའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ།   རྣམ་པ་གསར་པའི་མཁར་གྲོང་ཅན་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ།    མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་གྱི་ཐབས་ལམ་རྒྱ་བསྐྱེད་པ་བཅས་བྱེད་དགོས།  ཕྱོགས་ཡོངས་ནས་ཡུལ་སྐོར་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཁྱད་ཆོས་ཅན་དང་ཚད་ལྡན་ཅན། རྒྱལ་སྤྱི་ཅན་བཅས་འབུར་དུ་བཏོད་ནས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་ཞབས་ཞུ་ཚད་ལྡན་ཅན་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། སྐྱེ་ཁམས་ཡུལ་སྐོར་ཕུན་སུམ་ཚོགས་པར་བཏང་སྟེ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་ཟོང་རྟགས་སྣང་བརྙན་བསྐྲུན་དགོས།  ཕྱོགས་ཡོངས་ནས་གཞི་གྲངས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། རིག་ནུས་ཡུལ་སྐོར་སྟེགས་བུ་མགྱོགས་མྱུར་སྒོས་འཛུགས་པ། ཆ་འཕྲིན་མཉམ་སྦྲེལ་ཡོངས་བསྒྲགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། གཞི་གྲངས་མཉམ་འབྲེལ་མཉམ་སྤྱོད་ལ་ཤུགས་བསྣན་ནས། གཞི་གྲངས་ཅན་གྱི་དོ་དམ་དང་རིག་ནུས་ཅན་གྱི་སྙོམས་སྒྲིག་མངོན་འགྱུར་བྱས་ཏེ། ཡུལ་སྐོར་པར་རིག་ནུས་ཅན་གྱི་ཞབས་ཞུ་འདོན་སྤྲོད་བྱེད་དགོས། ཕྱོགས་ཡོངས་ནས་བྱ་བའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ་དང་།    བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ།    འགན་འཁྲི་ལས་བགོས་གསལ་བོ་བྱེད་པ།    རྒྱུ་རྐྱེན་གཙོ་བོའི་འགན་སྲུང་གི་ནུས་ཕྱོད་ཆེ་རུ་གཏོང་བ།    ཞབས་ཞུའི་དོ་དམ་ནུས་པ་ལྡན་པ་བཅས་ཀྱི་མཐུན་སྦྱོར་མཉམ་འགུལ་གྱི་རྣམ་པ་ཆགས་པར་བྱས་ནས། བྱ་བ་སྣ་ཚོགས་་དོན་འཁྱོལ་བྱེད་པ་དང་དེར་ཕན་འབྲས་ཐོན་པར་ཁག་ཐེག་བྱེད་དགོས་པ་ནན་གྱིས་བསྟན།

ལུའི་ཀང་དང་ཧི་ལུའུ་ཁྲིན་འབྲེལ་ཡོད་བྱེད་སྒོར་ཞུགས།

ཤ་བོ་རིན་མཚོས་བསྒྱུར།