ཟླ11པའི་ཚེས25ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་དུ། ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་ཕྲེང་འབྲེལ་སྐུལ་སྤེལ་དངོས་མང་བཤམས་ཚོགས་སྐབས་གཉིས་པའི་ནང་ཞུགས་མཁན་གྱི་ཁེ་ལས་པའི་འཐུས་མི་དང་བཞུགས་མོལ་གནང་།
དེར་བཞུགས་ཀྱི་ཁེ་ལས་ཀྱི་འཐུས་མིས་ཀྲུང་གོའི་དཔལ་འབྱོར་བརྟན་པོའི་ངང་ཇེ་ལེགས་སུ་འགྲོ་བའི་འཕེལ་ཕྱོགས་སྔར་ལས་སྲ་བརྟན་དུ་ཕྱིན་པ་དང་གསར་གཏོད་ཀྱི་གསོན་ཤུགས་རྒྱུན་མཐུད་ངང་འཕེལ་བ། ཚོང་གཉེར་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་ཕྱིན་ཡོད། ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་ཁེ་ལས་ཀྱིས་ཀྲུང་གོའི་དཔལ་འབྱོར་ལ་ཡིད་ཆེས་ཆེན་པོ་བཅངས་ནས། ཀྲུང་གོར་དངུལ་གཏོང་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ་དང་ཀྲུང་གོ་རུ་འཕེལ་རྒྱས་ཟབ་སྤེལ་བྱས་ནས། སྒོ་འབྱེད་གཉིས་ཕན་མངོན་འགྱུར་ཡོང་བར་བྱེད་འདོད་ཡོད་པའི་བསམ་པ་བསྟན།
ལིས་ཆང་གིས་ཚང་མའི་གཏམ་བཤད་ལ་ནན་ཏན་ངང་གསན་རྗེས། འདས་ཟིན་པའི་ལོ་བཅུ་ཕྲག་འགའི་རིང་ལ། དཔལ་འབྱོར་འཛམ་གླིང་ཅན་ལ་འཕེལ་རྒྱས་ཟབ་མོ་བྱུང་བ་དང་ཆབས་ཅིག་ཏུ། འཛམ་གླིང་ཧྲིལ་པོའི་ཐོན་ལས་དང་མཁོ་སྤྲོད་ཕྲེང་འབྲེལ་ཡང་རིམ་བཞིན་སྟོབས་ཆེ་རུ་ཕྱིན་ནས། འཛམ་གླིང་གི་དཔལ་འབྱོར་མགྱོགས་མྱུར་ངང་འཕར་རྒྱུར་སྐུལ་འདེད་བཏང་བའི་དབང་གིས། ཕྱོགས་ཁག་ཚང་མར་དེའི་ཁྲོད་ནས་ཕན་པ་ཐོབ་ཡོད། དེ་ལས་ལས་བགོས་རོགས་ལས་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལྡོག་མེད་ཀྱི་གདམ་ག་ཞིག་ཡིན་པ་དང་། དཔལ་འབྱོར་ཕན་འབྲས་ཆེ་བའི་ངང་འཁོར་རྒྱུག་བྱེད་རྒྱུ་དེ་རྒྱུ་རྐྱེན་གཙོ་བོའི་འཁོར་རྒྱུག་ཤར་གཏོང་དང་ཁ་འབྲལ་ཐབས་མེད་ལ། བཀག་སྡོམ་བྱས་ན་རེ་འབྲས་ཅི་ཡང་མེད་ཅིང་སྒོ་འབྱེད་ནི་ད་གཟོད་ཡང་དག་པའི་ལམ་བུ་ཡིན་པ་གསལ་བཤད་གང་ལེགས་བྱས་ཡོད། མིག་སྔར། འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་ཡོང་ཤུགས་ཇེ་ཞན་དུ་སོང་ཡོད། དུས་སྐབས་འདི་འདྲ་ཞིག་གི་སྒང་ལ་འཛམ་གླིང་ཧྲིལ་པོའི་ཐོན་སྐྱེད་དང་མཁོ་སྤྲོད་ཕྲེང་འབྲེལ་གྱིས་འཛམ་གླིང་དཔལ་འབྱོར་ལ་དོན་སྙིང་གལ་ཆེན་ལྡན་པའི་ཐད་སྔར་ལས་ངོས་འཛིན་གང་ལེགས་བྱེད་རྒྱུ་དང་། ཐོན་སྐྱེད་དང་མཁོ་སྤྲོད་ཕྲེང་འབྲེལ་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་པའི་རྒྱ་ཁྱབ་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་བ། རྣམ་པ་འདྲ་མིན་གྱི“འབྲེལ་ཐག་གཙང་གཅོད”དང“ཐབ་ཀ་གསར་པ་ཟུར་དུ་འཛུགས”ལ་ངོ་རྒོལ་བཅས་བྱས་ནས། འཛམ་གླིང་ཧྲིལ་པོའི་ཐོན་ལས་དང་མཁོ་སྤྲོད་ཕྲེང་འབྲེལ་བརྟན་པོ་དང་ཤར་གཏོང་ཐུབ་པར་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་དགོས་ཞེས་གསུངས།
ལིས་ཆང་གིས་ཀྲུང་གོ་ནི་འཛམ་གླིང་ཧྲིལ་པོའི་ཐོན་སྐྱེད་དང་མཁོ་སྤྲོད་ཕྲེང་འབྲེལ་གྱི་ལྷུ་ཚིགས་གལ་ཆེན་ཞིག་ཡིན། ད་ལོ་ནས་བཟུང་། ཀྲུང་གོའི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་བྱུང་ཡོད། ང་ཚོས་དུས་འཁོར་ལས་ལྡོག་པའི་སྙོམས་སྒྲིག་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། སྒུལ་ནུས་གསར་པ་རྒྱུན་ཆད་མེད་པར་སྐྱེད་སྲིང་དང་སྟོབས་ལྡན་དུ་གཏོང་བ། དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྲུན་ཚད་ཇེ་མགྱོགས་སུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། འཛམ་གླིང་ཧྲིལ་པོའི་ཐོན་སྐྱེད་དང་མཁོ་སྤྲོད་ཕྲེང་འབྲེལ་མཉམ་ལས་ཟབ་སྤེལ་གཏོང་བ་དང་། འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་སྔར་ལས་ཆེན་པོ་འབུལ་རྒྱུ་ཡིན་ཞེས་ནན་བཤད་གནང་།
ལིས་ཆང་གིས་རྒྱ་ཆེའི་ཁེ་ལས་ཀྱིས་འཛམ་གླིང་ཧྲིལ་པོའི་ཐོན་སྐྱེད་དང་མཁོ་སྤྲོད་ཕྲེང་འབྲེལ་གྱི་བློ་བརྟན་འགྱུར་མེད་ཀྱི་སྲུང་སྐྱོང་པ་ཞིག་དང་ཧུར་བརྩོན་གྱི་འཛུགས་སྐྲུན་པ་ཞིག་བྱས་ཏེ། དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དུ་འགྱུར་རྒྱུར་མུ་མཐུད་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པ་དང་། ཐོན་སྐྱེད་དང་མཁོ་སྤྲོད་ཕྲེང་འབྲེལ་གྱི་གསར་གཏོད་མཉམ་ལས་དང་ལྗང་མདོག་ཚུལ་སྒྱུར་ཐད་འབད་བརྩོན་སྔར་ལས་ཆེན་པོ་བྱས་ཏེ། སྔར་བས་གསོན་ཤུགས་ལྡན་པ་དང་མཉེན་ཤུགས་ཆེ་བ། ལས་ཆོད་ཆེ་བ་བཅས་ཀྱི་འཛམ་གླིང་ཧྲིལ་པོའི་ཐོན་སྐྱེད་དང་མཁོ་སྤྲོད་ཕྲེང་འབྲེལ་མཉམ་དུ་བཏོད་དེ། ཁེ་ལས་སྔར་ལས་འཕེལ་རྒྱས་ཡག་པོ་ཡོང་བ་དང་རྒྱལ་ཁབ་ཁག་མཉམ་དུ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རེ་ལྟོས་ཆེ་ཞེས་གསུངས།
ཝུའུ་ཀྲིན་ལུང་བཞུགས་མོལ་ཚོགས་འདུར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།