ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས《འབྲུ་རིགས་གྲོན་ཆུང་དང་ཟས་རིགས་འཕྲོ་བརླག་་གཏོང་བར་ངོ་རྒོལ་བྱེད་པའི་བྱ་སྤྱོད་ཇུས་གཞི》པར་སྐྲུན་འགྲེམས་སྤེལ་བྱས།
2024.11.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 35

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས《འབྲུ་རིགས་གྲོན་ཆུང་དང་ཟས་རིགས་འཕྲོ་བརླག་གཏོང་བར་ངོ་རྒོལ་བྱེད་པའི་བྱ་སྤྱོད་ཇུས་གཞི》པར་སྐྲུན་འགྲེམས་སྤེལ་བྱས་ནས་དེ་འབྲེལ་གྱི་བརྡ་ཐོ་བཏང་ནས། ས་གནས་དང་སྡེ་ཁག་སོ་སོས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན།

ཇུས་གཞིའི་ནང་ཁ་གསལ་བཟོས་པའི་སྤྱིའི་དམིགས་འབེན་ནི། ཐོན་འཕར་ཡོང་བར་ངེས་པར་དུ་གྲོན་ཆུང་བྱེད་དགོས་པ་དང་། གྲོན་ཆུང་ནི་ཐོན་འཕར་དངོས་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ཡུན་རིང་བྱས་རྗེས་ཡུན་རིང་འཇོག་པ། དམ་འཛིན་ལྷོད་མེད་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་དགོས་ལ། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་པ། འབྲུ་རིགས་དང་ཟས་རིགས་ཟད་གྲོན་དང་འཕྲོ་བརླག་གཏོང་བའི་བསམ་སྦྱོར་ཅི་རིགས་བདེན་པ་བདེན་ཐུབ་ཀྱིས་ཇེ་ཉུང་དུ་གཏོང་དགོས། 2027ལོའི་ལོ་མཇུག་ཏུ་སླེབས་སྐབས། འབྲུ་རིགས་དང་ཟས་རིགས་གྲོན་ཆུང་གི་ཕུགས་ཕན་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། འབྲུ་རིགས་ཀྱི་གྱོང་གུད་དང་ཟས་རིགས་འཕྲོ་བརླག་གི་བསྡོམས་རྩིས་བརྟག་དཔྱད་ལམ་ལུགས་དང་ཚད་གཞི་ཚད་ལྡན། དམིགས་འབེན་མ་ལག་བཅས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། འབྲུ་རིགས་ཐོན་སྐྱེད་དང་གསོག་འཇོག སྐྱེལ་འདྲེན། ལས་སྣོན་བཅས་ཀྱི་གྱོང་གུད་ཐེབས་ཚད་རྒྱལ་སྤྱིའི་ཆ་སྙོམས་ཆུ་ཚད་ཀྱི་མན་དུ་ལྷུང་བར་ཚོད་འཛིན་བྱེད་པ། བཟའ་བཏུང་ལས་རིགས་དང་ལས་ཁུངས་ཀྱི་ཟ་ཁང་། སློབ་གྲྭའི་ཟ་ཁང་། ཁེ་ལས་ཀྱི་ཟ་ཁང་སོགས་ཀྱི་མི་རེའི་ཆ་སྙོམས་ཟས་རིགས་འཕྲོ་བརླག་གཏོང་ཚད་མངོན་གསལ་སྒོས་མར་འགྲིབ་ཐུབ་པ་བཅས་བྱས་ནས། བཟའ་བཏུང་འཕྲོ་བརླག་ལ་བཀག་འགོག་ནུས་ལྡན་ཐུབ་པར་བྱེད་དགོས། རྒྱུན་མཐུད་འབད་བརྩོན་དང་དམངས་ཡོངས་ཟབ་ཞུགས་བྱས་པ་བརྒྱུད་དེ། འབྲུ་རིགས་གྲོན་ཆུང་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་དར་སྲོལ་དེ་སྤྱི་ཚོགས་ཡོངས་ཀྱི་དར་སྲོལ་ཞིག་ཏུ་གྲུབ་པར་སྐུལ་འདེད་གཏོང་དགོས།

ཇུས་གཞིའི་ནང་གཤམ་གསལ་གྱི་གནད་དོན་ཐད་ནས་བཀོད་སྒྲིག་བྱས་ཡོད་དེ། གཅིག་ནས་འབྲུ་རིགས་གྲོན་ཆུང་དང་གྱོང་གུད་ཆུང་དུ་གཏོང་བའི་བྱ་སྤྱོད་ཡིན་ཞིང་། འཕྲུལ་འཁོར་ལ་བརྟེན་ནས་འབྲུ་རིགས་བསྡུ་བ་ལས་བྱུང་བའི་གྱོང་གུད་ཆུང་དུ་གཏོང་རྒྱུ་དང་འབྲུ་རིགས་གསོག་ཉར་གྱི་གྱོང་གུད་་ཆུང་དུ་གཏོང་བ། འབྲུ་རིགས་སྐྱེལ་འདྲེན་གྱི་གྱོང་གུད་ཆུང་དུ་གཏོང་བ། འབྲུ་རིགས་ལས་སྣོན་གྱི་གྱོང་གུད་ཆུང་དུ་གཏོང་བ་བཅས་ཀྱི་བླང་བྱ་བཏོན་ཡོད།  གཉིས་ནས་དམངས་ཡོངས་ཀྱི་འབྲུ་རིགས་གྲོན་ཆུང་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བའི་བྱ་སྤྱོད་ཡིན་ཞིང་། ཁྱིམ་ཚང་དང་མི་སྒེར་གྱི་ཟས་རིགས་འཕྲོ་བརླག་གཏོང་བའི་གནས་སྟངས་ཉུང་དུ་གཏོང་ཅི་ཐུབ་བྱེད་རྒྱུ་དང་། དེར་ཁྲིད་སྟོན་དང་སྔར་ལས་ཚད་ལྡན་ཅན་དུ་གཏོང་རྒྱུར་ཤུགས་སྣོན་པ། གཞོན་ནུ་ལོ་ཆུང་ལ་སློབ་གསོ་གཏོང་བ་དང་གྲོན་ཆུང་བསྲི་ཚགས་ཀྱི་ཁྱིམ་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་དགོས་པའི་བླང་བྱ་བཏོན་ཡོད། གསུམ་ནས་བཟའ་བཏུང་ལས་རིགས་ཀྱི་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་བྱ་སྤྱོད་ཡིན་ཞིང་། དེའི་ནང“སྡེར་མ་གཙང་རྐྱང་བཟོ་བའི་བྱ་སྤྱོད”ཟབ་སྤེལ་གཏོང་བ་དང་ཁྲིམས་འགལ་གྱི་ཆད་པ་གཅོད་ཤུགས་ཆེ་རུ་གཏོང་བ། ལས་རིགས་ཀྱི་རང་གཅུན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད། བཞི་ནས་ལས་ཁུངས་སོ་སོའི་ཟ་ཁང་གིས་ཆུད་ཟོས་ལ་ངོ་རྒོལ་བྱེད་དགོས་པའི་བྱ་སྤྱོད་ཡིན་ཞིང་། ལས་ཁུངས་ཀྱི་ཟ་ཁང་གིས་ཆུད་ཟོས་ལ་ངོ་རྒོལ་བྱེད་རྒྱུ་དང་སློབ་གྲྭའི་ཟ་ཁང་གིས་ཆུད་ཟོས་ལ་ངོ་རྒོལ་བྱེད་པ། ཁེ་ལས་ཀྱི་ཟ་ཁང་གིས་ཆུད་ཟོས་ལ་ངོ་རྒོལ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ལྔ་ནས་གྱོང་གུད་དང་འཕྲོ་བརླག་དུ་བཏང་བའི་མཇུག་འབྲས་ཀྱི་བསྡོམས་རྩིས་བརྟག་དཔྱད་ལ་ཤུགས་བསྣན་ཏེ། བསྡོམས་རྩིས་བརྟག་དཔྱད་ལམ་ལུགས་འཛུགས་པ་དང་དེ་སྔར་ལས་འཐུས་ཚང་དུ་བཏང་ནས། ཁྱབ་ཁོངས་དགར་ནས་ཆེད་དོན་བསྡོམས་རྩིས་བརྟག་དཔྱད་བྱེད་དགོས་པའི་བླང་བྱ་བཏོན་ཡོད།  དྲུག་ནས་འགན་ལེན་བྱེད་ཐབས་ཡིན་ཞིང་། རྩ་འཛུགས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་པ་བཅས་ཀྱི་བླང་བྱ་བཏོན་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།