ཝུའུ་ཞའོ་ཅུན་གྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་དང་ཀྲུང་དབྱང་ཁེ་ལས་ལ་འཚམས་འདྲི་བྱས།
2024.11.27 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 30

 ཟླ11ཚེས25ཉིན་ནས་ཚེས26ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་པེ་ཅིང་དུ་ཀྲུང་དབྱང་ནོར་སྲིད་པུའུ་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ། རྒྱལ་ཁབ་གཞི་གྲངས་ཅུའུ། རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས། རྒྱལ་ཁབ་གློག་དྲ་ཀུང་སི། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་སྡེ་ཚོགས་བཅས་ལ་པུའུ་དང་ཞིང་ཆེན་བར་གྱི་མཉམ་ལས་དང་ཀྲུང་དབྱང་དང་ས་གནས་བར་གྱི་མཉམ་ལས་ཟབ་སྤེལ་དང་།  ལས་གཞི་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་མཐུན་སྦྱོར་དང་འབྲེལ་མཐུད་ལེགས་པོ་བྱས།  ནོར་སྲིད་པུའུ་ཡི་པུའུ་ཀྲང་ལན་ཧྥུའུ་ཨན་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལེ་ཧའེ་ཁྲའོ། རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་ཅུས་ཀྲང་ལཱོ་ཝུན། རྒྱལ་ཁབ་གཞི་གྲངས་ཅུའུ་ཡི་ཅུས་ཀྲང་ལིའུ་ལུའེ་ཧུང་། རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་ཀྱི་སྤྱིའི་འགན་འཛིན་གོ་ཀྲུའུ་ཞུའེ། རྒྱལ་ཁབ་གློག་དྲ་ཀུང་སིའི་རྐང་གཉེར་འགོ་གཙོ་ཀྲང་ཀྲི་ཀང་།  ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་སྡེ་ཚོགས་ཀྱི་རྐང་གཉེར་འགོ་གཙོ་ཏེན་ཡན་ཀྲང་སོགས་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་སོ་སོར་གྲོས་མོལ་ལ་ཞུགས།  

ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་བཅས་ཀྱི་ཚབ་བྱས་ནས་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་དང་ཀྲུང་དབྱང་ཁེ་ལས་ཀྱིས་དུས་ཡུན་རིང་པོར་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུས། ཁོས་བཤད་རྒྱུར། ཉེ་བའི་ལོ་ཤས་རིང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་དང་ཀྲུང་དབྱང་ཁེ་ལས་ཀྱི་རྒྱབ་སྐྱོར་ཆེན་པོའི་འོག མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་གོམ་པ་བརྟན་པོ་ཞིག་སྤོས་ཡོད།  མིག་སྔར། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་རང་འགུལ་ངང་ཞུགས་པ་དང་དེར་ཞབས་འདེགས་ཞུས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་འབྲི་བཞིན་ཡོད། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་དང་ཀྲུང་དབྱང་ཁེ་ལས་ཀྱིས་སྔར་བཞིན་མཚོ་སྔོན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་བཟོ་བ་དང་། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་མོའི་ནང་མཉམ་འདྲེས་བྱེད་པ། ལྗང་མདོག་རྩིས་གློག་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། ས་ཁོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཆུ་ཚད་མཐོ་རུ་གཏོང་བ།  ལས་གཞི་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་མཛུབ་སྟོན་དང་རོགས་རམ་སྔར་ལས་མང་པོ་བྱས་ནས། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱེད་དགོས་པའི་རེ་བ་བཏོན།

རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་དང་ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་མཚོ་སྔོན་གྱི་འབྲེལ་ཡོད་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་རྒྱབ་སྐྱོར་བྱེད་དགོས་པའི་དོན་ཚན་ལ་ལན་བཟང་བོ་བཏབ།  ཁོ་ཚོས་བསྟན་དོན། མཚོ་སྔོན་གྱི་འཐབ་ཇུས་གོ་གནས་གལ་ཆེ་ཞིང་འཕེལ་རྒྱས་ཀྱི་མདུན་ལྗོངས་ཧ་ཅང་རྒྱ་ཆེ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་དང་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་ལས་དོན་སྐོར་གྱི་བླང་བྱ་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་ཞིང་ཆེན་གྱི་གནས་ཚུལ་དང་འགན་འཁྲིར་བསམ་གཞིག་གང་ལེགས་བྱས་ཏེ། མཚོ་སྔོན་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ལས་འགན་གལ་ཆེན་དང་བཅོས་སྒྱུར་འཕེལ་རྒྱས་ཀྱི་དགོས་མཁོར་སེམས་ཁུར་བྱས་ནས།  མཐུན་སྦྱོར་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་དང་།   མཐུན་སྦྱོར་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། ཤུགས་ཚད་སྔར་བས་ཆེ་བ་དང་བྱེད་ཐབས་སྔར་ལས་ནན་མོར་བརྟེན་ནས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

གྲོལ་མོལ་བྱེད་སྐབས། ཝུའུ་ཞའོ་ཅུན་གྱིས་ད་དུང་འཁྱུག་དབྱིངས་སྡེ་ཚོགས་ཀྱི་སྤྱི་ཁྱབ་པུའུ་ལ་འཚམས་འདྲི་བྱས་པར་མ་ཟད་ཁེ་ལས་ཀྱི་འགན་འཁུར་བ་དང་བཞུགས་མོལ་བརྗེ་རེས་བྱས། ཞིང་ཆེན་གྱི་འགོ་ཁྲིད་ཚེ་རིང་ཐར་དང་། ཧི་ལུའུ་ཁྲུན། ཝང་ཧའེ་ཧུང་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།