ཧན་ཀྲིན་ཀྲུང་གོའི་རྒྱལ་སྤྱིའི་མཁོ་འདོན་ཕྲེང་འབྲེལ་སྐུལ་སྤེལ་འགྲེམ་སྟོན་ཚོགས་འདུ་སྐབས་གཉིས་པ་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།
2024.11.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ11པའི་ཚེས26ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་པེ་ཅིང་ནས་ཀྲུང་གོའི་རྒྱལ་སྤྱིའི་མཁོ་འདོན་ཕྲེང་འབྲེལ་སྐུལ་སྤེལ་འགྲེམ་སྟོན་ཚོགས་འདུ་སྐབས་གཉིས་པ་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཧན་ཀྲིན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་ཧྲིལ་བོའི་ཐོན་ལས་ཕྲེང་འབྲེལ་དང་མཁོ་འདོན་ཕྲེང་འབྲེལ་གྱི་མཉེན་ཤུགས་རང་བཞིན་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་འགན་སྲུང་གལ་ཆེན་ཡིན་ཞེས་བསྟན། དུས་ཡུན་རིང་བོར། ཀྲུང་གོ་ནི་འཛམ་གླིང་ཧྲིལ་བོའི་ཐོན་ལས་ཕྲེང་འབྲེལ་དང་མཁོ་འདོན་ཕྲེང་འབྲེལ་མཉམ་ལས་ཀྱི་ཟབ་ཞུགས་པ་དང་ཁེ་ཕན་རེག་མཁན་ཡིན་ལ། བློ་བརྟན་འགྱུར་མེད་ཀྱི་སྲུང་སྐྱོབ་པ་དང་འཛུགས་སྐྲུན་མཁན་ཡང་ཡིན། ཀྲུང་གོས་ཐོན་ལས་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་ནས། འཛམ་གླིང་ཧྲིལ་བོའི་ཐོན་ལས་ཕྲེང་འབྲེལ་་དང་མཁོ་འདོན་ཕྲེང་འབྲེལ་གྱི་འཁོར་རྒྱུག་ཐད་འགན་སྲུང་ཤུགས་དང་ལྡན་པ་འདོན་སྤྲོད་བྱས་ཡོད། སྒོ་འབྱེད་མཉམ་ལས་རྒྱུན་འཁྱོངས་བྱས་ཏེ། འཛམ་གླིང་ཧྲིལ་བོའི་ཐོན་ལས་ཕྲེང་འབྲེལ་དང་མཁོ་འདོན་ཕྲེང་འབྲེལ་གྱི་འཁོར་རྒྱུག་ཐད་སྒུལ་ཤུགས་ཆེན་པོ་བསྣན་ཡོད། གཞི་ཁྱོན་ཆེ་བའི་ཚོང་རར་རྐང་བཙུགས་ནས། འཛམ་གླིང་ཧྲིལ་བོའི་ཐོན་ལས་ཕྲེང་འབྲེལ་དང་མཁོ་འདོན་ཕྲེང་འབྲེལ་གྱི་འཁོར་རྒྱུག་ཐད་ཀྱི་བར་སྟོང་སྔར་ལས་རྒྱ་བསྐྱེད་ཡོད།  ཀྲུང་གོས་རྒྱལ་ཁབ་སོ་སོ་དང་མཉམ་དུ་སྒོ་འབྱེད་རིགས་ཀྱི་འཛམ་གླིང་དཔལ་འབྱོར་མ་ལག་འཛུགས་པར་སྐུལ་འདེད་བཏང་ནས། འཛམ་གླིང་ཧྲིལ་བོའི་ཐོན་ལས་ཕྲེང་འབྲེལ་དང་མཁོ་འདོན་ཕྲེང་འབྲེལ་གྱི་གཏན་འཇགས་གེགས་མེད་ལ་སྲུང་སྐྱོབ་བྱེད་འདོད་ཡོད།

ཧན་ཀྲིན་གྱིས་གྲོས་གཞི་གསུམ་བཏོན་པ་སྟེ། གཅིག་ནི་ལས་བགོས་རོགས་ལམ་ཇེ་ཟབ་ཏུ་བཏང་ནས། འཛམ་གླིང་ཧྲིལ་བོའི་ཐོན་ལས་ཕྲེང་འབྲེལ་དང་མཁོ་འདོན་ཕྲེང་འབྲེལ་བར་གཉིས་ཕན་མཉམ་རྒྱལ་བྱེད་པར་སྐུལ་འདེད་གཏོང་དགོས། ཀྲུང་གོས་དཔལ་འབྱོར་འཛམ་གླིང་ཅན་གྱི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་སོ་སོའི་བར་གྱི་ཐོན་ལས་དང་ཐོན་ནུས་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། གཉིས་ནི་གསར་གཏོད་ཀྱི་སྣེ་ཁྲིད་འབུར་དུ་ཐོན་པར་བྱས་ནས། འཛམ་གླིང་ཧྲིལ་བོའི་ཐོན་ལས་ཕྲེང་འབྲེལ་དང་མཁོ་འདོན་ཕྲེང་འབྲེལ་ལེགས་སྒྱུར་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་དགོས། ཀྲུང་གོས་གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་འཐབ་ཇུས་ལག་བསྟར་ཟབ་མོ་བྱེད་པ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་མྱུར་དུ་འཕེལ་རྒྱས་སུ་བཏང་སྟེ། ཐོན་ལས་ཕྲེང་འབྲེལ་དང་མཁོ་འདོན་ཕྲེང་འབྲེལ་མཉམ་བསྲེས་ཟབ་མོ་བྱས་ནས་མཉམ་ལས་ཀྱི་བར་སྟོང་སྔར་ལས་ཆེན་པོ་བསྐྲུན་པར་སྐུལ་འདེད་གཏོང་དགོས། གསུམ་ནི་རྒྱུན་བསྲིང་འཕེལ་རྒྱས་མངོན་འགྱུར་བྱས་ནས། འཛམ་གླིང་ཧྲིལ་བོའི་ཐོན་ལས་ཕྲེང་འབྲེལ་དང་མཁོ་འདོན་ཕྲེང་འབྲེལ་གྱི་ལྗང་མདོག་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོས་རྒྱལ་ཁབ་སོ་སོའི་བར་གྱི་ལྗང་མདོག་ཐོན་ལས་དང་དག་གཙང་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་སྤེལ་ནས། འཛམ་གླིང་ལྗང་མདོག་འཕེལ་རྒྱས་སུ་གཏོང་བར་རོགས་འདེགས་བྱེད་དགོས།

དེའི་རྗེས། ཧན་ཀྲིན་གྱིས་ཀྲུང་གོའི་རྒྱལ་སྤྱིའི་མཁོ་འདོན་ཕྲེང་འབྲེལ་སྐུལ་སྤེལ་འགྲེམ་སྟོན་ཚོགས་འདུ་སྐབས་གཉིས་པ་འགོ་བརྩམས་པ་ཁྱབ་བསྒྲགས་བྱས།

སྐབས་འདིའི་མཁོ་འདོན་ཕྲེང་འབྲེལ་འགྲེམ་སྟོན་ཚོགས་འདུས་འཛམ་གླིང་དང་འབྲེལ་མཐུད་བྱས་ནས་མཉམ་དུ་མ་འོངས་བསྐྲུན་པ་བརྗོད་དོན་རྒྱུན་བསྲིང་བྱས་པ་དང་། ཀྲུང་ཕྱིའི་སྲིད་གཞུང་སྡེ་ཁག་དང་ཚོགས་ཞུགས་ཁེ་ལས། ཚོང་མཐུན་ཚོགས་ཀྱི་འཐུས་ཚབ་དང་ཀྲུང་གོར་སྡོད་པའི་གཞུང་ཚབ་པ་སྐོར་ཞིག་སོགས་མི་སྟོང་གཅིག་དང་བརྒྱ་འགོ་རྩོམ་མཛད་སྒོར་ཞུགས།

འགོ་རྩོམ་མཛད་སྒོའི་རྗེས་སུ། ཧན་ཀྲིན་གྱིས་མཁོ་འདོན་ཕྲེང་འབྲེལ་འགྲེམ་སྟོན་ཚོགས་འདུའི་འགྲེམ་ཁང་ལ་ལྟ་སྐོར་བྱས་པ་དང་། གཞི་གྲངས་ཚན་རྩལ་དང་དག་གཙང་ནུས་ཁུངས། སྔོན་ཐོན་བཟོ་སྐྲུན་སོགས་འགྲེམ་ཁུལ་ལ་ལྟ་སྐོར་བྱས་པ་མ་ཟད། འབྲེལ་ཡོད་ཁེ་ལས་ཀྱི་འགན་ཁུར་མི་སྣ་དང་བསམ་བློ་བརྗེ་རེས་བྱས།

རིན་ཆེན་མཚོས་བསྒྱུར།