ཟླ11པའི་ཚེས26ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིང་དུ་སིང་ག་ཕོར་གྱི་རྒྱལ་སྲིད་སྐྱོང་རོགས་ལིས་ཞན་ལུང་ལ་མཇལ་འཕྲད་གནང་།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས26ཉིན་པེ་ཅིང་དུ་སིང་ག་ཕོར་གྱི་རྒྱལ་སྲིད་སྐྱོང་རོགས་ལིས་ཞན་ལུང་ལ་མཇལ་འཕྲད་གནང་།
ཝང་ཧུའུ་ཉིང་གིས་བསྟན་དོན། 2023ལོར། ཀྲུའུ་ཞི་ཞི་ཅིང་ཕིང་གིས་ཁྱོད་དང་མཉམ་དུ་ཀྲུང་གོ་དང་སིང་ག་ཕོར་གྱི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་སྤུས་ཚད་མཐོ་བའི་དུས་རྣམ་ཀུན་གྱི་གྲོགས་པོའི་འབྲེལ་བར་མཐོར་འདེགས་བྱུང་བ་ཁྱབ་བསྒྲགས་མཛད་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་མདུན་ལྗོངས་ཡངས་པོ་བསྐྲུན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་སིང་ག་ཕོར་བར་གྱི་མཐོ་རིམ་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་པ། མི་དམངས་ཀྱི་མཛའ་མཐུན་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་དང་། ཀྲུང་གོ་དང་སིང་ག་ཕོར་གྱི་འབྲེལ་བ་འཕེལ་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་སྟེ། ས་ཁུལ་ཞི་བདེ་བརྟན་བརླིང་དང་དར་རྒྱས་གོང་འཕེལ་འགྲོ་བར་སྟོབས་ཤུགས་འབུལ་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་འདིའི་ཕྱོགས་ལ་བྱས་རྗེས་གལ་ཆེན་འཇོག་འདོད་ཡོད་ཅེས་གསུངས།
ལིས་ཞན་ལུང་གིས་བསྟན་དོན། སིང་ག་ཕོར་དང་ཀྲུང་གོའི་འབྲེལ་བར་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཡོད། སང་ལོ་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བར་འབྲེལ་བ་བཙུགས་ནས་ལོ་ངོ་སོ་ལྔ་འཁོར་བའི་དུས་སྟོན་བསུ་རྒྱུ་ཡིན་ལ། སིང་ག་ཕོར་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་བར་གྱི་འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་། མཉམ་ལས་ཀྱི་ཆུ་ཚད་དང་ཕན་འབྲས་མུ་མཐུད་དུ་མཐོར་འདེགས་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཧུའུ་ཁྲུན་ཧྭ་དང་ཝང་ཏུང་ཧྥིན་མཇལ་འཕྲད་ལ་ཞུགས།
ལྷ་མོ་འཚོས་བསྒྱུར།