ལིས་ཆང་གིས་སཱ་མོ་ཡའི་ཙུང་ལི་ཧྥེ་ཡ་མཱེ་དང་གྲོས་མོལ་མཛད།
2024.11.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 56

ཟླ11པའི་ཚེས26ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་རྒྱལ་དོན་འཚམས་འདྲིར་ཡོང་བའི་སཱ་མོ་ཡའི་ཙུང་ལི་ཧྥེ་ཡ་མཱེ་དང་གྲོས་མོལ་མཛད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ11པའི་ཚེས26ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་རྒྱལ་དོན་འཚམས་འདྲིར་ཡོང་བའི་སཱ་མོ་ཡའི་ཙུང་ལི་ཧྥེ་ཡ་མཱེ་དང་གྲོས་མོལ་མཛད།

ལིས་ཆང་གིས་ཀྲུང་གོ་དང་སཱ་མོ་ཡ་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེ་ཟབ་མོ་ཡིན། སཱ་མོ་ཡ་ནི་ཀྲུང་གོ་གསར་བ་དང་འབྲེལ་བ་འཛུགས་སྔ་ཤོས་ཀྱི་ཞི་བདེ་རྒྱ་མཚོའི་གླིང་ཕྲན་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན། འབྲེལ་བ་བཙུགས་ནས་དུས་རབས་ཕྱེད་ཀ་འགོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་ཐང་དང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འགྲོ་འོང་ཉིན་རེར་ཇེ་ཟབ་ཏུ་འགྲོ་བཞིན་ཡོད་ལ། ཁྱབ་ཁོངས་སོ་སོའི་མཉམ་ལས་གྲུབ་འབྲས་ཕུན་སུམ་ཚོགས་པ་བླངས་ཡོད་པས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་ཐོགས་ཡོད།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལྕམ་ཙུང་ལི་དང་མཉམ་དུ་གྲོས་མོལ་གནང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་འཆར་གཞི་གསར་བ་འགོད་རྒྱུ་རེད། ཀྲུང་གོའི་ཕྱོགས་ཀྱིས་སཱ་མོ་ཡ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་ཅིང་། ཆབ་སྲིད་ཀྱི་ཡིད་རྟོན་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། ཕན་ཚུན་གྱི་ཁེ་ཕན་གཙོ་བོར་རྒྱབ་སྐྱོར་བརྟན་པོ་བྱས་ནས། གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་པ་དང་། ཀྲུང་གོ་དང་སཱ་མོ་ཡའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ། ཐོག་མཐའ་བར་གསུམ་དུ་ཕན་ཚུན་ཡིད་རྟོན་ཆོག་པའི་བློས་ཐུབ་གྲོགས་པོ་དང་འཕེལ་རྒྱས་ལ་མཉམ་དུ་འཆར་འགོད་བྱེད་པའི་གྲོགས་པོ་བཟང་པོ་བྱེད་དགོས་ཞེས་གསུངས།

ལིས་ཆང་གིས་ཀྲུང་གོའི་ཕྱོགས་ཀྱིས་སཱ་མོ་ཡ་ཕྱོགས་དང་མཉམ་དུ་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་ཁྲིད་སྟོན་དུ་བྱས་ནས། དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་གཞི་ཁྱོན་རྒྱ་བསྐྱེད་ཅིང་། ཉོ་ཚོང་དངུལ་གཏོང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ་དང་། ཞིང་ལས་དང་ཉ་ལས། དག་གཙང་ནུས་ཁུངས། གནོད་འགོག་གནོད་སེལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། གཉིས་ཕན་མཉམ་རྒྱལ་གྱི་བརྒྱུད་རིམ་ཁྲོད་ཐུན་མོང་དར་རྒྱས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་ཕྱོགས་ཀྱིས་སཱ་མོ་ཡ་ཕྱོགས་ཀྱི་སྤུས་ལེགས་ཞིང་ཟུར་ཐོན་རྫས་སྔར་ལས་མང་པོ་ནང་འདྲེན་བྱེད་པ་དང་། སཱ་མོ་ཡ་ཕྱོགས་ཀྱིས་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་ཚོགས་འདུ་དང་ཀྲུང་གོའི་ཚོང་ཟོག་ནང་འདྲེན་ཕྱིར་གཏོང་ཉོ་ཚོང་ཚོགས་འདུ་སོགས་ཀྱི་འགྲེམ་སྟོན་ཚོགས་འདུའི་སྟེགས་བུ་མུ་མཐུད་དུ་བེད་སྤྱོད་ལེགས་པོ་བྱེད་པར་དགའ་བསུ་ཞུ། ཕྱོགས་གཉིས་ཀྱིས་མི་སྣ་འགྲོ་འོང་ལ་སྔར་ལས་སྟབས་བདེ་བསྐྲུན་པ་དང་། ཡུལ་སྐོར་དང་སྨན་བཅོས། སློབ་གསོ། ན་གཞོན་སོགས་མི་གཞུང་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་ལས་རྒྱ་བསྐྱེད་ནས། ཀྲུང་གོ་དང་སཱ་མོ་ཡའི་མཛའ་བརྩེ་མི་རབས་ནས་མི་རབས་སུ་རྒྱུད་འཛིན་བྱེད་པར་སྐུལ་འདེད་གཏོང་དགོས། ཀྲུང་གོ་དང་སཱ་མོ་ཡ་གཉིས་ཀ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲས་སུ་གཏོགས་པས། ཀྲུང་གོའི་ཕྱོགས་ཀྱིས་སཱ་མོ་ཡ་ཕྱོགས་དང་མཉམ་དུ་ཕྱོགས་མང་ཁྱབ་ཁོངས་ཀྱི་འབྲེལ་འདྲིས་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། ནམ་ཟླའི་འགྱུར་ལྡོག་གི་འགྲན་སློང་ལ་མཉམ་དུ་ཁ་གཏད་མཇལ་ནས། འདྲ་མཉམ་རིམ་ལྡན་གྱི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་གོ་ལ་ཅན་ལ་སྐུལ་འདེད་གཏོང་བ་དང་། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་བསྟན།

ཧྥེ་ཡ་མཱེ་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་དོན་ལྔ་འཁོར་བར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་དང་། སཱ་མོ་ཡ་ཕྱོགས་ཀྱིས་ཀྲུང་གོས་དེང་རབས་ཅན་གྱི་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་རླབས་ཆེན་བླངས་པར་ཚད་མཐོན་པའི་བསྟོད་བསྔགས་བྱེད་ཀྱིན་ཡོད་ལ། ཀྲུང་གོའི་འཕེལ་རྒྱས་ཀྱིས་སཱ་མོ་ཡ་སོགས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་དཔེ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན། སཱ་མོ་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་ཕྱོགས་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བརྟན་པོ་བྱེད་ཀྱིན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ཚུན་ལ་སཱ་མོ་ཡའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་ལྷག་བསམ་དཀར་པོས་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུས་པ་དང་། སཱ་མོ་ཡ་ཕྱོགས་ཀྱི་སང་ལོའི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་ལྔ་བཅུ་འཁོར་བ་གོ་སྐབས་སུ་བརྩིས་ཏེ། ཀྲུང་གོ་ཕྱོགས་དང་མཉམ་དུ་མཐོ་རིམ་འགྲོ་འོང་དམ་ཟབ་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་མཉམ་ལས་སྒྲོམ་གཞིའི་འོག ཉོ་ཚོང་དང་ཞིང་ལས། འཕྲོད་བསྟེན། སློབ་གསོ། ཡུལ་སྐོར། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། གནོད་འགོག་གནོད་སེལ་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་ཟབ་སྤེལ་བྱས་ཏེ། མི་གཞུང་དང་ས་གནས་ཀྱི་བརྗེ་རེས་ལ་ཤུགས་སྣོན་འདོད་ཡོད། སཱ་མོ་ཡ་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་ཀྱི་ཞི་བདེ་རྒྱ་མཚོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ཞི་བདེ་རྒྱ་མཚོའི་གླིང་གི2050ལོའི་འཐབ་ཇུས་ལ་མུ་མཐུད་དུ་རྒྱབ་སྐྱོར་བྱེད་པར་རེ་བ་བྱེད་ཀྱིན་ཡོད་ལ། ཀྲུང་གོའི་ཕྱོགས་དང་མཉམ་དུ་འབྲེལ་འདྲིས་མཉམ་ལས་ལ་ཤུགས་སྣོན་པ་དང་། ལག་རྡང་སྦྲེལ་ནས་ནམ་ཟླའི་འགྱུར་ལྡོག་སོགས་གོ་ལ་ཧྲིལ་བོའི་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་འཇལ་འདོད་ཡོད་ཟེར།

གྲོས་མོལ་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་གོ་ལ་ཧྲིལ་བོའི་འཕེལ་རྒྱས་གྲོས་འགོ་དངོས་འབེབས་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས། སློབ་གསོ་སོགས་ཁྱབ་ཁོངས་མང་པོའི་ཕྱོགས་གཉིས་མཉམ་ལས་ཡིག་ཆ་མང་པོ་བཀོད་པར་མཉམ་དུ་བདེན་དཔང་གནང་།

གྲོས་མོལ་སྔོན་ལ། ལིས་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་ཧྥེ་ཡ་མཱེ་ལ་དགའ་བསུའི་མཛད་སྒོ་བསྡུས།

ཝུའུ་ཀྲིན་ལུང་གོང་གསལ་བྱ་འགུལ་ལ་ཞུགས།

ལྷ་མོ་འཚོས་བསྒྱུར།