རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ11པའི་ཚེས27ཉིན་གྱི་ཕྱི་དྲོར། ཧོ་ལན་གྱི་དབུ་བཞུགས་བློན་ཆེན་སི་ཧོ་ཧྥུའུ་ལ་ཁ་པར་བཏང་།
ལིས་ཆང་གིས་ཉེ་བའི་ལོ་འདི་དག་གི་རིང་ལ། རྒྱལ་ཁབ་གཉིས་ཀའི་འགོ་ཁྲིད་ཀྱི་འཐབ་ཇུས་སྣེ་ཁྲིད་འོག་ཏུ། ཀྲུང་གོ་དང་ཧོ་ལན་གྱི་འབྲེལ་བ་བརྟན་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་ཕྱིན་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་ཆེ་རུ་ཕྱིན་ཏེ། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་མིག་མཐོང་ལག་ཟིན་གྱི་ཕན་པ་བསྐྲུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧོ་ལན་གྱི་སྐབས་གསར་པའི་སྲིད་གཞུང་དང་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བའི་འཕེལ་ཕྱོགས་བཟང་པོར་མཉམ་དུ་སྲུང་སྐྱོབ་བྱེད་འདོད་ཡོད། སྒོ་འབྱེད་དངོས་གཉེར་ནི་ཀྲུང་གོ་དང་ཧོ་ལན་གྱི་འབྲེལ་བ་གོང་འཕེལ་གཏོང་བྱེད་ཀྱི་ཉམས་མྱོང་རྩ་ཆེན་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཧོ་ལན་ཕྱོགས་དང་མཉམ་དུ། མཐོ་རིམ་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱེད་རྒྱུ་དང་། ཕན་ཚུན་བར་སྐད་ཆ་བཤད་རེས་དང་འབྲེལ་གཏུག་ལ་ཤུགས་སྣོན་པ། ཆབ་སྲིད་ཀྱི་ཐད་ནས་ཕན་ཚུན་ཡིད་ཆེས་བྱ་རྒྱུ་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས། ཕྱོགས་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་བརྟན་པོ་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧོ་ལན་ཕྱོགས་དང་མཉམ་དུ། གཉིས་ཕན་གཉིས་རྒྱལ་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་ཚོང་དོན་གྱི་འགྲོ་འོང་མུ་མཐུད་རྒྱ་སྐྱེད་གཏོང་འདོད་ཡོད་ཅེས་གསུངས།
སི་ཧོ་ཧྥུའུ་ཡིས་འཛམ་གླིང་ཧྲིལ་པོའི་ལས་དོན་ཁྲོད་ཀྲུང་གོས་ཉིན་བཞིན་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཀྱིན་ཡོད། ཧོ་ལན་དང་ཀྲུང་གོའི་འབྲེལ་བ་དེ་ཧོ་ལན་གྱི་ངོས་ནས་བཤད་ན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་ལྷག་པར་དུ་དཔལ་འབྱོར་ཚོང་དོན་མཉམ་ལས་འཕེལ་རྒྱས་ཀྱི་ངོས་ནས་བཤད་ན་དོན་སྙིང་ཆེན་པོ་ལྡན། ཧོ་ལན་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་ནི་ཀྲུང་གོ་ཡོངས་ཀྱི་ཚབ་བྱེད་ཐུབ་པའི་ཁྲིམས་མཐུན་སྲིད་གཞུང་གཅིག་པུ་དེ་ཡིན་པའི་ངོས་འཛིན་བྱེད་ཀྱིན་ཡོད། ཧོ་ལན་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་བར་མཉམ་ལས་བྱེད་པའི་སྒོ་མོ་ལྟ་བུར་འགྱུར་འདོད་ཡོད་པས། ཕྱོགས་གཉིས་ཀས་དཔལ་འབྱོར་ཚོང་དོན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྔར་ཤུགས་བསྣན་ཏེ། ཧོ་ལན་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་རེ་ལྟོས་ཆེན་པོ་བྱེད་ཀྱིན་ཡོད་ཅེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།