ཟླ11ཚེས19ཉིན་ནས་ཚེས26ཉིན་བར། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་སྣེ་ཁྲིད་དེ་མཚོ་ཤར་གྲོང་ཁྱེར་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སོང་སྟེ། མི་རིགས་སོ་སོའི་སྲོལ་རྒྱུན་གྱི་སྐྱེ་ཁམས་འདུ་ཤེས་སྔོག་འདོན་དང་དར་སྤེལ་གཏོང་བ་དང་། སྲུང་སྐྱོབ་སྔོན་ལ་འཇོག་པའི་སྐྱེ་ཁམས་འདུ་ཤེས་ཇེ་དྲག་ཏུ་གཏོང་བར་དམིགས་ཏེ་རྟོག་ཞིབ་བྱ་བ་སྤེལ་ཞིང་། ས་གནས་སོ་སོའི་འབྲེལ་ཡོད་བྱ་བའི་ཐད་ཀྱི་གྲུབ་འབྲས་ལ་རྒྱུས་ལོན་དང་། གནད་དོན་དང་མི་འདང་ས་འཚོལ་ཞིབ་བྱས་ནས། ཁ་གཏད་བྱེད་ཐབས་ལ་མཉམ་གྲོས་བྱས་ཤིང་། ཟླ་ཟུང་གྲོས་མོལ་བཞུགས་མོལ་ཚོགས་འདུ་སྤུས་ཚད་མཐོ་བའི་སྒོ་ནས་སྤེལ་བར་གྲ་སྒྲིག་གང་ལེགས་བྱས།
རྟོག་ཞིབ་ཚན་ཆུང་སྔ་གཞུག་ཏུ་མཚོ་ཤར་གྲོང་ཁྱེར་ཧུང་ཧྲི་ཀུའེ་རྟེན་གཞིའི་རྒྱུ་ཆ་གསར་བའི་ཐོན་ལས་གླིང་དང་། མཚོ་སྔོན་མཐོ་སྒང་གི་མཚོ་སྔོན་གྱི་འཚེམ་དྲུབ་ཐོན་ལས་འཁོར་རྒྱུག་ཚད་ཡོད་ཀུང་སི། ཕིན་ཨན་ཆུས་རྨ་ཙོང་དམངས་སྲོལ་རིག་གནས་ཉམས་ལེན་ཁང་བཅས་ཀྱི་ཡུལ་དངོས་སུ་སོང་ནས་རྟོག་ཞིབ་བྱས་པར་མ་ཟད། སོ་སོར་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་མཚོ་ཤར་གྲོང་ཁྱེར་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་ཐུན་རིན་གྲོང་ཁྱེར་གྱིས་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས་པར་ཞིབ་ཏུ་ཉན། མགོན་པོ་བཀྲ་ཤིས་ཀྱིས་ས་ཆ་སོ་སོས་མི་རིགས་སོ་སོའི་སྲོལ་རྒྱུན་སྐྱེ་ཁམས་འདུ་ཤེས་སྔོན་འདོན་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཀྱི་སྣེ་ཁྲིད་ནས་རི་ཆུའི་མཛེས་ཉམས་ལ་མཉམ་དུ་སྲུང་སྐྱོབ་བྱེད་པའི་ཐད་འབད་བརྩོན་བྱས་ནས། སོ་སོའི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་རིག་གནས་མ་ལག་འཛུགས་པའི་ཕྱོགས་ཀྱི་སྒྲུབ་སྟངས་དང་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། མགོན་པོ་བཀྲ་ཤིས་ཀྱིས་ལོ་ངོ་སྟོང་ཕྲག་རིང་མཚོ་སྔོན་དུ་འཚོ་སྡོད་བྱས་པའི་མི་རིགས་སོ་སོས་རང་བྱུང་ཁམས་ངོས་འཛིན་དང་། རང་བྱུང་ཁམས་དང་འཆམ་མཐུན་མཉམ་གནས་བྱས་ཏེ། རང་བྱུང་ཁམས་ལ་གཅེས་སྐྱོང་དང་། ཚེ་སྲོག་ལ་བརྩི་བཀུར། སྐྱེ་དངོས་ཐ་དག་ལ་སྲུང་སྐྱོབ་བྱེད་པའི་སྲོལ་རྒྱུན་སྐྱེ་ཁམས་ལྟ་བ་གསོ་སྐྱོང་བྱས་ནས་གྲུབ་པར་བྱས་ཡོད་ཅིང་། དེ་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། སྔོན་འདོན་བཟང་པོ་དང་རྒྱུན་འཛིན་གང་ལེགས་བྱེད་དགོས་པར་མ་ཟད་བཀོལ་སྤྱོད་ལེགས་པོ་བྱ་དགོས་ཞེས་བཤད།
མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་སྐྱེ་ཁམས་བྱ་བའི་ཐད་ཐུགས་ཁུར་ཆེན་པོ་གནང་བཞིན་ཡོད་པས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ནན་ཏན་གྱིས་ལག་བསྟར་བྱས་ཏེ། མི་རིགས་སོ་སོའི་སྲོལ་རྒྱུན་སྐྱེ་ཁམས་འདུ་ཤེས་སྔོག་འདོན་དང་དར་སྤེལ་གང་ལེགས་བྱས་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མཛེས་པའི་མཚོ་སྔོན་འཛུགས་སྐྲུན་ཐད་ཀྱི་བྱ་བའི་བཀོད་སྒྲིག་དངོས་འབེབས་བཟང་པོ་བྱས་ཏེ། ཤུགས་ཆེན་པོས་རང་ཞིང་གི་མི་རིགས་སོ་སོའི་སྲོལ་རྒྱུན་སྐྱེ་ཁམས་འདུ་ཤེས་ལ་ཞིབ་འཇུག་གསལ་འགྲེལ་བྱེད་པར་ཤུགས་སྣོན་བྱས་ནས། མི་རིགས་སོ་སོའི་སྲོལ་རྒྱུན་སྐྱེ་ཁམས་འདུ་ཤེས་དར་སྤེལ་གཏོང་རྒྱུ་དེ་དེང་རབས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་བརྒྱུད་རིམ་ཧྲིལ་བོར་འདྲེས་པར་བྱེད་དགོས། རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་ཀྱིས་མི་དམངས་སྲིད་གྲོས་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་བྱེད་ནུས་འདོན་སྤེལ་ཡག་པོ་བྱས་ཏེ། མི་རིགས་སོ་སོའི་སྲོལ་རྒྱུན་སྐྱེ་ཁམས་འདུ་ཤེས་སྔོན་འདོན་དང་དར་སྤེལ་གཏོང་རྒྱུ་གཙོར་བཟུང་ནས་གྲོས་མོལ་སྲིད་གླེང་བྱེད་པ་དང་། མཛེས་པའི་མཚོ་སྔོན་འཛུགས་སྐྲུན་བྱ་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་སྲིད་གྲོས་ཀྱི་བློ་རིག་དང་སྟོབས་ཤུགས་འབུལ་དགོས།
རྟོག་ཞིབ་བྱེད་སྐབས། མགོན་པོ་བཀྲ་ཤིས་སོགས་ཀྱིས་གཞི་རིམ་གྱི་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ལ་འཚམས་འདྲི་བྱས།
རིན་ཆེན་རྣམ་རྒྱལ་དང་། ལིའུ་ཏ་ཡེ། ཕིན་ཡིའུ་ཏུང་བཅས་རྟོག་ཞིབ་ཁྲོད་ཞུགས།
རིག་འཛིན་སྒྲོལ་མས་བསྒྱུར།