ཝང་ཧུའུ་ཉིང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་གྲོས་ཚོགས་ལ་འགོ་འཛིན་མཛད།
2024.11.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 44

 

ཟླ11ཚེས27ཉིན། སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་ཉེར་བརྒྱད་པ་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གི་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་ཉེར་བརྒྱད་པ་ཚེས27ཉིན་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

གྲོས་ཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ལག་བསྟར་བྱས། ཝང་ཧུའུ་ཉིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།  དཀྱིལ་སྙིང་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་དང་།  ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དམིགས་འབེན་ལས་འགན་ལ་དམ་པོར་དམིགས་ནས་ཐབས་འདོན་ཇུས་འབུལ་བཅས་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས་པ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཞི་གྲངས་ཀྲུང་གོ་འཛུགས་སྐྲུན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།  དུས་རབས་གསར་པའི་གཞི་གྲངས་ཀྲུང་གོ་འཛུགས་སྐྲུན་དང་དྲ་རྒྱའི་ཆ་འཕྲིན་ལས་དོན་འཕེལ་རྒྱས་གཏོང་བའི་གནས་བབ་གསར་པ་དང་བླང་བྱ་གསར་པར་དམིགས་པ་དང་།  སྲིད་གྲོས་ཨུ་ཡོན་རྩ་འཛུགས་བྱས་ཏེ་ གྲོས་མོལ་སྲིད་གླེང་གཏིང་ཟབ་དང་གཞི་གྲངས་སྲིད་གྲོས་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཚོགས་ལས་དོན་ཐད་བཏོན་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྤྱི་ཚོགས་ལས་དོན་གྱི་གནད་དོན་གལ་ཆེན་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཁྲོད་སྲིད་གྲོས་གྲོས་མོལ་གྱི་དམིགས་བསལ་ནུས་པ་འདོན་སྤེལ་ལེགས་པོ་བྱེད་དགོས་ཞེས་བསྟན།

གྲོས་ཚོགས་ནས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་གཞི་གལ་ཆེན་སྐུལ་སྒྲུབ་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི2024ལོའི་དམངས་གཙོའི་ལྟ་སྐུལ་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཡིག་ཐོག་ནས་གྲོས་ཞིབ་བྱས། ཝང་ཧུའུ་ཉིན་གྱིས་ཏང་གིས་གྲོས་གཞིའི་ལས་དོན་ལ་ འགོ་ཁྲིད་བྱེད་པར་ཤུགས་སྣོན་དང་རྒྱུན་འཁྱོངས་བྱེད་པ་དང་། གྲོས་གཞིའི་སྤུས་ཚད་མཐོ་རུ་གཏོང་བ་རྨང་གཞིར་བྱས་ཏེ།  སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་མཚོན་པ་དང་། ཚན་རིག་དང་དམངས་གཙོ་ལྡན་པའི་སྒོ་ནས་ཇུས་ཐག་གཅོད་པར་སྐུལ་འདེད།  ཐུན་མོང་གི་ངོས་འཛིན་ཡོངས་ཁྱབ་ཏུ་གཅིག་བསྡུས་སོགས་ཐད་ཀྱི་གྲོས་གཞིའི་ནུས་པ་འདོན་སྤེལ་ལེགས་པོ་བྱེད་དགོས་པ་དང་། དམངས་གཙོའི་ལྟ་སྐུལ་བྱ་བ་སྤེལ་བར་རྩ་འཛུགས་དང་། གྲོས་མོལ་རྣམ་པའི་ལྟ་སྐུལ་ངེས་གནས་དམ་འཛིན། ཀྲུང་གུང་ཀྲུང་དབྱང་གི་བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན་དང་བཅོས་སྒྱུར་བྱེད་ཐབས་ལག་བསྟར་དོན་འཁྱོལ་བྱེད་པའི་གནས་ཚུལ་གཙོ་གནད་དུ་བཟུང་ནས་དམངས་གཙོའི་ལྟ་སྐུལ་བྱེད་དགོས་ཞེས་བསྟན།

གྲོས་ཚོགས་ནས་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་གྱི2024ལོར་གྲོས་མོལ་སྲིད་གླེང་བྱེད་སྒོ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གྱིས་གཟིགས་ཞིབ་དང་རྟོག་ཞིབ་ལས་དོན། བརྟག་དཔྱད་ཞིབ་འཇུག་ལས་དོན། རིགས་པའི་གཞུང་ལུགས་ཞིབ་འཇུག་ལས་དོན། ཨུ་ཡོན་གྱིས་དཔེ་ཀློག་བྱེད་སྒོ།  སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་མཚོན་པའི་ཆ་འཕྲིན་ལས་དོན་སོགས་སྤེལ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཡིག་ཐོག་ནས་གྲོས་ཞིབ་བྱས།

གྲོས་ཚོགས་ནས་ཀྲའོ་ཅིན་ཡུན་གྱི་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་ཐོབ་ཐང་ལེན་པའི་སྐོར་གྱི་ཆོད་དོན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་པའི་སྟེང་རྗེས་མཆན་འགོད་པར་སྤྲད།

ཀྲུའུ་ཞིའི་ཚོགས་འདུའི་ཐོག2024ལོའི་ཐུན་མོང་སློབ་སྦྱོང་ཐེངས་བཞི་པ་བསྡུས་ཤིང་། དེའི་བརྗོད་དོན་གཙོ་བོ་ནི“རང་རྒྱལ་གྱི་མཁའ་སྐྱོད་ལས་དོན་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་བློ་སྒོ་འབྱེད་པ”ཞེས་པ་དེ་རེད།  རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན། ཀྲུང་གོའི་ཟླ་བའི་གོ་ལར་འཚོལ་ཞིབ་བྱེད་པའི་བཟོ་སྐྲུན་གྱི་སྤྱིའི་ཇུས་འགོད་པ་ཝུའུ་ཝུའེ་རིན་གྱིས་གདན་ཞུས་ལྟར་སྙན་ཞུ་ཕུལ།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲིན་ཝུའུ་དང་། མུའུ་ཧུང་། ཧི་པོ་ཞང་། ཝང་ཀོང་ཆན་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་དམིགས་ནས་གཏམ་བཤད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐའེ་ཧྥིན་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཁྲུན་ཧྭ་དང་། ཧྲིན་ཡུའེ་ཡུའེ། ཝང་ཡུང་། ཀྲོའུ་ཆང་། ཧི་ཧོའུ་ཧྭ། པཱ་ཐིར། སུའུ་ཧུའེ། ཀའོ་ཡུན་ལུང་། ཞན་ཧུའེ། ཝང་ཏུང་ཧྥིན། ཅང་ཙོ་ཅུན། ཆིན་པོ་ཡུང་། ཀྲུའུ་ཡུང་ཞིན། དབྱང་ཀྲིན་བཅས་གྲོས་ཚོགས་ལ་ཞུགས།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།