ཀྲའོ་ལི་ཅི་ཡིས་སི་ཕེན་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད།
2024.11.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 49

 

ཟླ11ཚེས23ཉིན་ནས་ཚེས27ཉིན་བར། སི་ཕེན་གྱི་གྲོས་དཔོན་ཨ་མོན་ཀེ་ཨར་གྱིས་གདན་དྲངས་བ་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་སི་ཕེན་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད། འདི་ནི་ཟླ11ཚེས25ཉིན་ཀྲའོ་ལི་ཅི་ཡིས་མ་ཏེ་ལི་ནས་སི་ཕེན་གྱི་རྒྱལ་པོ་ཧྥེ་ལི་ཕེ་སྐུ་ཕྲེང་དྲུག་པར་མཇལ་འཕྲད་གནང་བའི་རྣམ་པ་རེད།

སི་ཕེན་གྱི་གྲོས་དཔོན་ཨ་མོན་ཀེ་ཨར་གྱིས་གདན་དྲངས་པ་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཟླ11ཚེས་23ཉིན་ནས་ཚེས27ཉིན་བར། སི་ཕེན་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད་དེ།  མ་ཏེ་ལི་ནས་སོ་སོར་སི་ཕེན་གྱི་རྒྱལ་པོ་ཧྥེ་ལི་ཕེ་སྐུ་ཕྲེང་དྲུག་པ་དང་དབུ་བཞུགས་བློན་ཆེན་སང་ཆེ་སི་ལ་མཇལ་འཕྲད་གནང་བ་དང་། གྲོས་ཞུགས་ཁང་གི་གྲོས་དཔོན་ལུའོ་ལན་དང་དམངས་གྲོས་ཁང་གི་གྲོས་དཔོན་ཨ་མོན་ཀེ་ཨར་དང་གྲོས་མོལ་མཛད།

ཧྥེ་ལི་ཕེ་སྐུ་ཕྲེང་དྲུག་པར་མཇལ་འཕྲད་གནང་སྐབས། ཀྲའོ་ལི་ཅི་ཡིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཛའ་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་བརྒྱུད་བསྒྲགས་མཛད།  ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོ་དང་སི་ཕེན་བར་གྱི་མཛའ་མཐུན་འབྲེལ་བ་མཚོ་ལྟར་ཟབ་ཅིང་ལོ་རྒྱུས་ཡུན་རིང་ལྡན། 2018ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སི་ཕེན་ལ་རྒྱལ་དོན་འཚམས་འདྲི་གནང་ནས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་ཆུ་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སླེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་ཕེན་དང་མཉམ་དུ་སྲོལ་རྒྱུན་མཛའ་མཐུན་འབྲེལ་བ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་གལ་ཆེན་ལ་རྒྱུས་ལོན་དང་བརྩི་འཇོག་བྱེད་པ། ཁྱབ་ཁོངས་ཁག་གི་བརྗེ་རེས་དང་མཉམ་ལས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་བ། ལག་གདང་སྦྲེལ་ནས་གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་འཇལ་བ་བཅས་བྱས་ཏེ།  མཉམ་དུ་འཕེལ་རྒྱས་དང་དར་རྒྱས་ཡོང་བ་བྱེད་འདོད་ཡོད།

ཧྥེ་ལི་ཕེ་སྐུ་ཕྲེང་དྲུག་པས་ཀྲའོ་ལི་ཅི་ལ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་རོགས་ཞུས། ཁོས་བསྟན་དོན། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་གྱི་འགྲོ་འོང་ཇེ་ཟབ་ཏུ་གྱུར་ནས། སི་ཕེན་དང་ཀྲུང་གོའི་བར་གྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་བརླིང་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། སང་ལོ་ནི་སི་ཕེན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ20འཁོར་བའི་ལོ་ཡིན་ཞིང་། སི་ཕེན་གྱིས་ཀྲུང་གོ་ཕྱོགས་དང་ཉོ་ཚོང་དངུལ་གཏོང་ དང་། ནུས་ཁུངས་གསར་པ། གནམ་གཤིས་འགྱུར་ལྡོག རིག་གནས་སློབ་གསོ། སྐད་ཡིག་ཁྱབ་གདལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྔར་ལས་ཤུགས་བསྣན་ཏེ། ཕྱོགས་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་གསར་པ་བསྣན་འདོད་ཡོད་ཅེས་བསྟན།

སང་ཆེ་སི་ལ་མཇལ་འཕྲད་གནང་སྐབས།  ཀྲའོ་ལི་ཅི་ཡིས་སི་ཕེན་ནི་ཀྲུང་གོའི་ཡོ་རོབ་ཀྱི་འཐབ་ཇུས་གྲོགས་པོ་གལ་ཆེན་ཞིག་ཡིན།  ཀྲུང་གོས་སི་ཕེན་གྱིས་ཀྲུང་གོ་གཅིག་གི་རྩ་དོན་ཡུན་རིང་བརྩི་སྲུང་བྱས་པར་ཐུགས་རྗེ་ཆེ་ཞུས་བ་དང་། སི་ཕེན་དང་མཛའ་མཐུན་འབྲེལ་བ་རྒྱུན་འཛིན་དང་། ཕན་ཚུན་ཡིད་ཆེས་བརྟན་གཏོང་།  སྒོ་འབྱེད་མཉམ་ལས་བཅས་བྱེད་པ་དང་། དཔལ་འབྱོར་ཉོ་ཚོང་དང་།  དངུལ་གཏོང་། མི་ཆོས་རིག་གནས། ཡུལ་སྐོར་སོགས་ཐད་ཀྱི་མཉམ་ལས་ཟབ་སྤེལ་དང་། གློག་སྒུལ་རླངས་འཁོར་དང་། ནུས་ཁུངས་གཙང་མ། སྔོན་ཐོན་རྒྱུ་ཆ། ལྗང་མདོག  གཞི་གྲངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་འཕར་གཞི་གསར་པ་གཏོད་པ་བཅས་བྱས་ནས།  ཁེ་ལས་ལ་དྲང་བདེན་དང་། བདེ་འཇགས། མཐོང་ཆུང་མི་བྱེད་པ། སྔོན་དཔག་ཐུབ་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་མཁོ་འདོན་བྱེད་འདོད་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཡོ་རོབ་ཀྲུང་གོའི་ཕྱི་འབྲེལ་གྱི་ཁ་ཕྱོགས་གལ་ཆེན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པའི་གྲོགས་པོ་གལ་ཆེན་ཞིག་ཏུ་བརྩིས་ནས། ཀྲུང་གོ་དང་སི་ཕེན་བར་གྱི་འབྲེལ་བའི་ཆུ་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱེད་འདོད་ཡོད་ཅེས་བསྟན།

སང་ཆེ་སི་ཡིས་སི་ཕེན་གྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལ་བརྩི་སྲུང་ནན་མོ་བྱེད་བཞིན་ཡོད། ཀྲུང་གོའི་ཁེ་ལས་སི་ཕེན་ལ་ཡོང་ནས་མ་དངུལ་གཏོང་བ་དང་ལས་རིགས་དར་སྤེལ་བྱེད་པར་དགའ་བསུ་ཞུས་བ་ཡིན། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཕྱོགས་གཉིས་ཀྱི་ཉོ་ཚོང་དང་། གློག་སྒུལ་རླངས་འཁོར། ཞིང་ལས་ཐོན་རྫས། རིག་གནས། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་བའི་རེ་བ་བཅངས་ཡོད། སི་ཕེན་གྱིས་ཡོ་རོབ་མནའ་འབྲེལ་ནང་ཁུལ་དུ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཏེ། ཡོ་རོབ་དང་ཀྲུང་གོའི་བར་གྱི་འབྲེལ་བ་སྔར་ལས་ལེགས་པའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ལ།  ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱི་དང་ཕྱོགས་མང་གི་ལས་དོན་མཐུན་སྦྱོར་ལ་ཤུགས་བསྣན་ནས། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་དབང་ཟིལ་སྲུང་སྐྱོང་བྱས་ཏེ། མཉམ་དུ་འཛམ་གླིང་གི་ཞི་བདེ་དང་བརྟན་བརླིང་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་བསྟན།

ལུའོ་ལན་དང་ཨ་མོན་ཀེ་ཨར་གཉིས་དང་སོ་སོར་གྲོས་མོལ་གནང་སྐབས། ཀྲའོ་ལི་ཅི་ཡིས་ཁྲིམས་འཛུགས་སྒྲིག་གཞིའི་བར་གྱི་འགྲོ་འོང་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་སི་ཕེན་གྱི་གྲོས་ཞུགས་ཁང་དང་དམངས་གྲོས་ཁང་དང་རིམ་པ་སོ་སོའི་ཁ་གཏད་བརྗེ་རེས་ལ་ཤུགས་བསྣན་ཏེ། ཁྲིམས་འཛུགས་དང་ལྟ་སྐུལ་སོགས་ལ་དམིགས་ནས་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པ་དང་། ཕྱོགས་གཉིས་བར་གྱི་མཉམ་ལས་ལ་ཕན་པའི་བཅའ་ཁྲིམས་ཡིག་ཆ་དུས་ཐོག་ཏུ་བཟོ་བ་དང་། བཟོ་བཅོས། ཆོག་མཆན་འགོད་པ་བཅས་བྱེད་པ་དང་།  དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་གྲོས་མིའི་བར་གྱི་བརྗེ་རེས་ལ་སྐུལ་འདེད་བཏང་སྟེ། མཉམ་ལས་གཏིང་ཟབ་བྱེད་པར་ཐབས་འདོན་ཇུས་འབུལ་དང་འབྲེལ་ཟམ་འཛུགས་པ།  རྒྱལ་ཁབ་སོ་སོའི་གྲོས་ཁང་མནའ་འབྲེལ་སོགས་ཕྱོགས་མང་གྲོས་ཁང་རྩ་འཛུགས་ཁྲོད་ཀྱི་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱས་ཏེ། ཕྱོགས་མང་རིང་ལུགས་ངོ་མ་མཉམ་དུ་ལག་བསྟར་བྱེད་དགོས་ཞེས་བསྟན།  ཀྲའོ་ལི་ཅི་ཡིས་ད་དུང་དམངས་འཐུས་ཚོགས་ཆེན་ལམ་ལུགས་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་མཛད།

ལུའོ་ལན་གྱིས་སི་ཕེན་གྱིས་རྒྱལ་ཁབ་གཉིས་ཀྱིས་ཡུན་རིང་བསགས་པའི་མཛའ་མཐུན་འབྲེལ་བ་ཟབ་མོར་གཅེས་སྤྲས་བྱས་ཏེ། ཀྲུང་གོ་དང་བློས་འགེལ་ཆོག་པའི་གྲོགས་པོ་བྱེད་འདོད་ཡོད། སི་ཕེན་དང་ཀྲུང་གོའི་དངུལ་གཏོང་མཉམ་ལས་ཐད་དམིགས་བསལ་གྱི་ཁྱད་ཆོས་ལྡན་པས་རྒྱལ་སྤྱིའི་ཐོག་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱས་ཡོད། ཕྱོགས་གཉིས་ཀྱིས་རིག་གནས་བརྗེ་རེས་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་ཕན་ཚུན་རྒྱུས་ལོན་དང་མཛའ་མཐུན་འབྲེལ་བ་ཇེ་ཟབ་ཏུ་གཏོང་བའི་རེ་བ་བཅངས་ཡོད། སི་ཕེན་གྱི་གྲོས་ཞུགས་ཁང་གིས་དེའི་ཐད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་བསྟན།  ཨ་མོན་ཀེ་ཨར་གྱིས་དམངས་གྲོས་ཁང་གིས་ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་བར་གྱི་བརྗེ་རེས་དང་མཉམ་ལས་ཇེ་ཟབ་ཏུ་གཏོང་འདོད་ཡོད་ལ། གྲོས་མིས་སི་ཕེན་དང་ཀྲུང་གོའི་བར་གྱི་མཛའ་མཐུན་འགྲོ་འོང་ནང་ཧུར་ཐག་གིས་ཞུགས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཕན་ཚུན་རྒྱུས་ལོན་དང་མཛའ་མཐུན་ཇེ་ཟབ་ཏུ་གཏོང་བ་དང་། ཕྱོགས་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་ཁྲིམས་འཛུགས་སྒྲིག་གཞིའི་ནུས་པ་འདོན་སྤེལ་བྱེད་རྒྱུའི་རེ་བ་ཡོད་ཅེས་བསྟན།

སི་ཕེན་ལ་འཚམས་འདྲི་མཛད་སྐབས། ཀྲའོ་ལི་ཅི་ཡིས་པ་སེ་ལོ་ན་རུ་ཅ་ཐའེ་ལུའོ་ཉི་ཡ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དབྱི་ལི་ཡ་ལ་མཇལ་འཕྲད་གནང་བར་མ་ཟད། ཆི་རུའེ་—ཨའེ་པུའུ་ལོ་མ་རྩ་མཉམ་གཏོང་རླངས་འཁོར་བཟོ་གྲྭར་རྟོག་ཞིབ་གནང་ནས། རྒྱལ་ཁབ་གཉིས་ཀྱི་ས་གནས་མཉམ་ལས་ཟབ་སྤེལ་དང་ལྗང་མདོག་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་བཏང་ནས། ཀྲུང་གོ་དང་སི་ཕེན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་རེ་བ་བྱེད་ཀྱིན་ཡོད་ཅེས་བསྟན།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།