ཟླ11པའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་མེ་ཟོན་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས2024ལོའི་འཕྲལ་བསྟུན་མྱུར་སྐྱོབ་གྲོས་མོལ་ཚོགས་འདུ་ཐེངས་གཉིས་པ་དང་དགུན་དཔྱིད་དུས་ཀྱི་མེ་སྐྱོན་འགོག་ཟོན་བྱ་བའི་བཀོད་སྒྲིག་གྲོས་ཚོགས་བསྡུས།
ཚོགས་ཐོག་ཏུ། གཅིག་བསྡུས་སྒོས་དགུན་དུས་ཀྱི་མེ་སྐྱོན་ཉེན་བརྡའི་སློབ་གསོའི་གློག་བརྙན་ལ་བལྟས། ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུའུ་ཡིས་རང་ཞིང་གི་ད་ལོའི་དགུན་དུས་དང་སང་ལོའི་དཔྱིད་དུས་ཀྱི་གནམ་གཤིས་གནས་ཚུལ་ལ་སྔོན་དཔག་བྱས་པ་དང་། ནམ་ཟླའི་གནོད་འཚེའི་ཉེན་ཁར་ཕྱོགས་ཡོངས་ནས་དབྱེ་ཞིབ་དང་བརྡར་གཅོད་བྱས་པར་མ་ཟད། ཁ་གཏད་འཇལ་བའི་གྲོས་གཞི་བཏོན། ཞིང་ཆེན་སློབ་གསོ་ཐིན་དང་ཞིང་ཆེན་མི་རིགས་ཆོས་ལུགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་རང་ལས་རིགས་ཁྱབ་ཁོངས་ཀྱི་མེ་གསོད་བདེ་འཇགས་ཀྱི་རྩ་བཅོས་མཁྲེགས་གཏོར་གྱི་ལོ་གསུམ་འགུལ་སྐྱོད་སྤེལ་བའི་གནས་ཚུལ་དང་དགུན་དཔྱིད་དུས་ཀྱི་མེ་སྐྱོན་འགོག་ཟོན་བྱ་བའི་བཀོད་སྒྲིག་ལ་དམིགས་ནས་བརྗེ་རེས་གཏམ་བཤད་བྱས། མཚོ་བྱང་དང་མགོ་ལོག་གི་མེ་གསོད་མྱུར་སྐྱོབ་ཡན་ལག་རུ་ཁག་གིས་འཕྲལ་བསྟུན་མྱུར་སྐྱོབ་བྱ་བའི་གྲ་སྒྲིག་གནས་ཚུལ་ཡར་ཞུ་བྱས།
ཚོགས་ཐོག་ནས་བསྟན་དོན། མིག་སྔར། ས་ཁུལ་སྐོར་ཞིག་གི་ནགས་ཚལ་མེ་སྐྱོན་ཐད་ནས་ཉེན་ཁ་ཆེ་བའི་དུས་སྐབས་སུ་སླེབས་པ་དང་། དྲོད་དམའ་གངས་ཆར་དང་འཁྱགས་དར་གནོད་འཚེའི་ཉེན་ཁ་ཇེ་ཆེར་སོང་། ཚོགས་ཐོག་ཏུ། ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུའུ་ཡིས2024ལོའི་ཟླ12པ་ནས2025ལོའི་ཟླ2པའི་བར་དུ། རང་ཞིང་གི་ས་ཆ་མང་ཆེ་ཤས་སུ་དྲོད་ཚད་ཆུང་མཐོ་བ་དང་། མཚོ་བྱང་གི་ས་ཆ་མང་ཆེ་ཤས་དང་མགོ་ལོག་གི་ས་ཆ་མང་ཆེ་ཤས་སུ་ཆར་འབབ་ཚད་ཅུང་མང་བ་ལས་གཞན། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་པར་ཆར་བ་འབབ་ཚད་ཅུང་ཉུང་ལ། མེ་སྐྱོན་འབྱུང་བའི་ཉེན་ཁ་ཆེ་བ་དང་། མེ་སྐྱོན་འབྱུང་ཉེན་ཆེ་བའི་ཁུལ་ཁོངས་གཙོ་བོར་ཟི་ལིང་ས་ཁུལ་དང་མཚོ་ཤར། མཚོ་ནུབ་ཀྱི་ས་ཆ་མང་ཆེ་ཤས། མཚོ་བྱང་གི་ལྷོ་རྒྱུད། མཚོ་ལྷོ། རྨ་ལྷོ་བཅས་སུ་ཁྱབ་ལ། དཔྱིད་དུས་ཀྱི་མེ་སྐྱོན་འབྱུང་ཉེན་ཆེ་ས་མཚོ་ནུབ་ནུབ་རྒྱུད་དུ་ཡོད། གངས་གནོད་ཉེན་ཁ་གཙོ་བོར་རང་ཞིང་གི་ཤར་ལྷོ་རྒྱུད་ས་ཁུལ་དུ་འདུ་ལ། མཚོ་བྱང་གི་ས་ཁུལ་ཁ་ཤས་དང་ཡུས་ཧྲུའུ་ཡི་ཤར་རྒྱུད། མགོ་ལོག་གི་ས་ཆ་མང་ཆེ་ཤས་གངས་གནོད་ཀྱི་ཉེན་ཁ་འབྱུང་ཆེ་ས་ཡིན། འབྲེལ་ཡོད་སྡེ་ཁག་གིས་སྔ་མོ་ནས་བཀོད་སྒྲིག་བྱེད་པ་དང་། གཟན་རྩྭ་ཉར་གསོག་དང་ཕྱུགས་ར་སྲ་བསྒྱུར་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པ། གནོད་འགོག་ཕྱུགས་སྐྱོབ་ཀྱི་ནུས་པ་ཇེ་དྲག་ཏུ་གཏོང་བ། གངས་གནོད་དང་དུས་རིམ་རང་བཞིན་གྱི་གངས་གསོག་གིས་འགྲིམ་འགྲུལ་སྐྱེལ་འདྲེན་དང་སྒོ་ཕྱུགས་དགུན་སྐྱེལ། རི་སྐྱེས་རི་དྭགས་ཀྱིས་ཟས་འཚོལ་བ་སོགས་ཀྱི་ཐད་གནོད་པ་བཟོ་བར་འགོག་ཟོན་བྱེད་དགོས།
ཚོགས་ཐོན་ནས། སྡེ་ཁག་སོ་སོས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་མེ་གསོད་བདེ་འཇགས་གནས་བབ་ལ་ཟུང་འབྲེལ་བྱས་ནས། ཞིང་ཆེན་ཡོངས་ཀྱི་དགུན་དཔྱིད་དུས་ཀྱི་མེ་གསོད་བདེ་འཇགས་གནས་བབ་དང་ཁྱད་ཆོས་ལ་ཕྱོགས་བསྡུས་དབྱེ་ཞིབ་བྱེད་པ། གཙོ་གནད་དུས་རིམ་གསུམ་ལ་རྐང་བཙུགས་ནས་དགུན་དཔྱིད་དུས་ཀྱི་མེ་སྐྱོན་འགོག་ཟོན་ལ་སྐུལ་འདེད་གཏོང་བ། འགན་འཁྲི་གཏན་ཁེལ་བྱེད་པ་དང་བྱེད་ཐབས་ཇེ་ཞིབ་ཏུ་གཏོང་བ། ཉེན་ཁ་ཞིབ་འཇུག་བརྡར་གཅོད་དང་འགན་འཁྲི་ལག་བསྟར་བྱེད་པར་ཤུགས་སྣོན་པ། ཚེ་སྲོག་བགྲོད་ལམ་གེགས་མེད་བྱེད་པ་དང་གློག་སྒུལ་ལྕགས་རྟའི་ཕྲེང་འབྲེལ་ཡོངས་ཀྱི་བཅོས་སྐྱོང་དང་ཚོང་གཉེར་རང་བཞིན་གྱི་རང་བསྐྲུན་ཁང་བའི་བཅོས་སྐྱོང་། ཆོས་ལུགས་བྱེད་སྒོ་སྤེལ་སའི་བཀག་སྡོམ། མི་སྣ་འདུ་རུབ་བྱེད་སའི་བཅོས་སྐྱོང་། ཟ་ཁང་གི་འབར་རླངས་མེ་གསོད་བཅོས་སྐྱོང་། དྲིལ་སྒྲོག་སློབ་གསོའི་གསོ་སྦྱོང་སོགས་བཅོས་སྐྱོང་རིགས་བདུན་གྱི་གཙོ་གནད་ལ་ཁ་གཏད་དེ་བྱ་བའི་བྱེད་ཐབས་ཇེ་བཟང་དུ་གཏོང་དགོས། དེ་དང་མཉམ་དུ། གྲལ་བཤེར་བཅོས་སྐྱོང་དང་གཅིག་བསྡུས་སྐོང་འདྲི། ཕྱོགས་བསྡུས་ལྟ་སྐུལ། མཉམ་འབྲེལ་ཞིབ་བཤེར་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། མེ་སྐྱོན་ཉེན་ཁར་ཕྱོགས་ཡོངས་ནས་བཅོས་སྐྱོང་བྱས་ནས། ད་ལོའི་དགུན་དུས་དང་སང་ལོའི་དཔྱིད་དུས་ཀྱི་མེ་སྐྱོན་གནས་བབ་བརྟན་འཇགས་ཡོང་བར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།
རིན་ཆེན་མཚོས་བསྒྱུར།