ཞི་ལ་རྒྱལ་ཁབ་ཀྱི་གྲོས་དཔོན་ཐ་སུའུ་ལཱ་སིའི་གདན་ཞུས་ལྟར་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཟླ11པའི་ཚེས27ཉིན་ནས་ཚེས30ཉིན་བར་ཞི་ལ་རྒྱལ་ཁབ་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་གནང་བ་དང་། ཡཱ་ཏེན་དུ་སོ་སོར་ཞི་ལ་རྒྱལ་ཁབ་ཀྱི་ཙུང་ཐུང་སཱ་ཁི་ལཱ་ལོ་ཕུའུ་ལུའུ་དང་། ཙུང་ལི་སྨི་ཙའོ་ཐ་ཅི་སི་ལ་མཇལ་འཕྲད་གནང་བར་མ་ཟད། གྲོས་དཔོན་ཐ་སུའུ་ལཱ་སི་དང་གྲོས་མོལ་གནང་།
སཱ་ཁི་ལ་ལུའོ་ཕུའུ་ལུའུ་ལ་མཇལ་འཕྲད་གནང་སྐབས་ཀྲའོ་ལི་ཅི་ཡིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གི་བྱམས་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་བརྒྱུད་བསྒྲགས་གནང་། ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོ་དང་ཞི་ལའི་བར་འབྲེལ་བ་བཙུགས་ནས་དུས་རབས་ཕྱེད་ཀ་ལྷག་ཙམ་སོང་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་བདེ་ཐང་དང་བརྟན་པོའི་ངང་འཕེལ་རྒྱས་སུ་ཕྱིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་ཙུང་ཐུང་རྣམ་གཉིས་ཀྱིས་སྐབས་དང་པོའི་འཛམ་གླིང་གནའ་གཞུང་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་དཔལ་ཡོན་རྒྱུན་འཛིན་འཕེལ་རྒྱས་དང་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་དར་སྤེལ་བཏང་སྟེ་གནའ་བོའི་དཔལ་ཡོན་ཆེན་པོ་གཉིས་ཀྱི་འགན་འཁྲི་འཁུར་སེམས་མངོན་པར་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཞི་ལ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱ་རྒྱུ་ཁྲིད་སྟོན་དུ་བྱས་ཏེ་སྲོལ་རྒྱུན་གྱི་མཛའ་གྲོགས་དར་སྤེལ་གཏོང་བ་དང་། ཕན་ཚུན་རྒྱབ་སྐྱོར་བྱ་རྒྱུ་ཇེ་བརྟན་དུ་གཏོང་བ། ཕན་ཚུན་ཡིད་ཆེས་དང་། ཐུན་མོང་འཕེལ་རྒྱས། དཔལ་ཡོན་འཆམ་མཐུན་བཅས་ཀྱི་ཟླ་གྲོགས་ཡག་པོ་བྱེད་པ། གོ་ལ་ཧྲིལ་པོའི་དཔལ་ཡོན་གྲོས་འགོ་མཉམ་དུ་ལག་བསྟར་བཅས་བྱས་ཏེ་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
སཱ་ཁི་ལཱ་ལོ་ཕུའུ་ལུའུ་ཡིས་ཀྲའོ་ལི་ཅི་བརྒྱུད་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས། ཁོ་མོས་བསྟན་དོན། ཞི་ལ་དང་ཀྲུང་གོ་ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་གྱི་དོ་ཁུར་གལ་ཆེན་ལ་བརྩི་འཇོག་དང་རྒྱབ་སྐྱོར་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་བརྩི་སྲུང་བྱས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་དང་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་ཆེད་རྨང་གཞི་བརྟན་པོ་བཏིངས་ཡོད། ཞི་ལ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ནི་དཔལ་ཡོན་ལྡན་པའི་གནའ་བོའི་རྒྱལ་ཁབ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱིས་དཔལ་ཡོན་བརྗེ་རེས་དང་གྲོས་མོལ་བྱེད་པའི་རྨང་གཞི་ཟབ་པ་དང་། ཕན་འབྲས་ལྡན་པ་ཞིག་ཡིན་པས་རྒྱལ་སྤྱིའི་སྤྱི་ཚོགས་ལ་དཔལ་ཡོན་མི་འདྲ་བ་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པའི་མིག་དཔེ་བཏོད་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཚོང་དོན་དང་དངུལ་གཏོང་། མི་གཞུང་བརྗེ་རེས། ཡུལ་སྐོར་སོགས་ཁྱབ་ཁོངས་སུ་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བར་རེ་སྒུག་བྱེད་བཞིན་ཡོད་ཟེར།
སྨི་ཙའོ་ཐ་ཅི་སི་ལ་མཇལ་འཕྲད་གནང་སྐབས་ཀྲའོ་ལི་ཅི་ཡིས་བསྟན་དོན། 2019ལོའི་ཟླ11པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞི་ལ་རྒྱལ་ཁབ་ལ་གྲུབ་འབྲས་ཕུན་སུམ་ཚོགས་པའི་རྒྱལ་དོན་འཚམས་འདྲི་གནང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ལེའུ་གསར་པ་འགོ་བརྩམས་ཡོད། ཞི་ལ་ཡིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་རྩ་དོན་ལག་བསྟར་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ཞི་ལ་ཕྱོགས་དང་མཉམ་དུ་ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་པ། བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་ངང་པི་ལེ་ཨའེ་ཧྥུའུ་སི་གྲུ་ཁའི་རྣམ་གྲངས་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཚོང་དོན་དངུལ་རྩ་དང་མཚོ་ཐོག་སྐྱེལ་འདྲེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཁྱབ་འགྱེད་སྣེ་ཁྲིད་བཅས་བྱས་ནས་མི་གཞུང་བརྗེ་རེས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་འདོད་ཡོད། ཕྱོགས་མང་སྒྲོམ་གཞིའི་ནང་འབྲེལ་གཏུག་མཐུན་སྦྱོར་རྒྱུན་འཁྱོངས་བྱས་ཏེ་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་བདེ་ཐང་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས།
སྨི་ཙའོ་ཐ་ཅི་སི་ཡིས་བསྟན་དོན། ཞི་ལ་ཡིས་ཀྲུང་གོ་གཅིག་གི་སྲིད་ཇུས་བརྩི་སྲུང་ནན་མོ་བྱེད་ཀྱི་ཡོད། ཞི་ལ་སྲིད་གཞུང་གིས་ཚོང་དོན་དང་དངུལ་གཏོང་སྲིད་ཇུས་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བཞིན་ཡོད་པས། ཕྱོགས་གཉིས་ཀྱིས་ཚོང་དོན་དང་། དངུལ་གཏོང་། མཚོ་ཐོག་སྐྱེལ་འདྲེན། མིས་བཟོས་རིག་ནུས། རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད་ལ། ཀྲུང་གོའི་ཁེ་ལས་ཞི་ལའི་ཁྲོམ་རར་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཞི་ལ་ཡིས་པི་ལེ་ཨའེ་ཧྥུའུ་སི་གྲུ་ཁ་སོགས་ཀྱི་རྣམ་གྲངས་ཀྱི་གཉིས་ཕན་མཉམ་ལས་ལ་གདེང་འཇོག་ཡག་པོ་བྱས་ནས་ཡོ་རོབ་དང་ཀྲུང་གོས་གྲོས་མོལ་བྱེད་པར་ཤུགས་སྣོན་རྒྱག་པ་དང་། ལག་གདང་སྦྲེལ་ནས་གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་འཇལ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཟེར།
ཐ་སུའུ་ལ་སི་དང་གྲོས་མོལ་གནང་སྐབས་ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་ཞི་ལ་རྒྱལ་ཁབ་ཀྱི་གྲོས་ཚོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གལ་ཆེན་དང་འཕེལ་རྒྱས་ཀྱི་དམིགས་འབེན་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་ཁྲིམས་འཛུགས་སྒྲིག་གཞིའི་རིམ་པ་ཁག་གི་མཛའ་མཐུན་འགྲོ་འོང་ལ་ཤུགས་སྣོན་པ་དང་། སྤྱི་ཚོགས་བཅོས་སྐྱོང་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། ཕྱི་ཕྱོགས་སྒོ་འབྱེད་སོགས་ཐད་ཀྱི་ཁྲིམས་འཛུགས་དང་ལྟ་སྐུལ་ཉམས་མྱོང་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ། ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཕན་པའི་བཅའ་ཁྲིམས་ཡིག་ཆར་དུས་ཐོག་ཏུ་ཆོག་མཆན་སྤྲོད་པའམ་ཡང་ན་གཏན་འབེབས་བྱེད་འདོད་ཡོད། རྒྱལ་ཁབ་སོ་སོའི་གྲོས་ཚོགས་མནའ་འབྲེལ་སོགས་ཕྱོགས་མང་ལས་སྟེགས་སུ་འབྲེལ་གཏུག་དང་མཐུན་སྦྱོར་དམ་ཟབ་བྱེད་འདོད་ཡོད། ཀྲའོ་ལི་ཅི་ཡིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་དང་། ཞི་ལ་ཕྱོགས་དང་མཉམ་དུ་འཕེལ་རྒྱས་དང་དར་རྒྱས་ཀྱི་ལམ་བུའི་ཐོག་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ཏེ་ཀྲུང་གོ་དང་ཞི་ལ་དཔལ་ཡོན་ལྡན་པའི་གནའ་བོའི་རྒྱལ་ཁབ་གཉིས་ཀྱི་དུས་རབས་གསར་པར་ལེའུ་གསར་བ་རྩོམ་འདོད་ཡོད་ཅེས་གསུངས།
ཐ་སུའུ་ལཱ་སི་ཡིས་བསྟན་དོན། ཞི་ལ་དང་ཀྲུང་གོའི་ཁྲིམས་འཛུགས་སྒྲིག་གཞིས་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱས་པ་དེས་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད། ཀྲུང་གོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་དེ་རིག་གནས་ཀྱི་གསོག་འཇོག་གཏིང་ཟབ་དང་ཁ་འབྲལ་ཐབས་མེད། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་སྒྲིག་གཞིས་ཁྲིམས་འཛུགས་སོགས་ཀྱི་ཐད་འབད་བརྩོན་སྔར་ལས་ཆེན་པོ་བྱས་ནས་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་དང་མཚོ་ཐོག་སྐྱེལ་འདྲེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་རིག་གནས་བརྗེ་རེས་དང་དམངས་སེམས་གཅིག་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།
གྲོས་མོལ་མ་བྱས་གོང་ཀྲའོ་ལི་ཅི་ཡིས་ཐ་སུའུ་ལཱ་སིས་སྤྲད་པའི་ཞི་ལའི་གྲོས་ཚོགས་ཀྱི་གསེར་གྱི་བྱ་དགའི་རྟགས་མ་དང་ལེན་བྱས།
ཞི་ལ་རྒྱལ་ཁབ་ལ་འཚམས་འདྲི་གནང་སྐབས་ཀྲའོ་ལི་ཅི་ཡཱ་ཏེན་གྱི་ཀྲུང་གོའི་གནའ་བོའི་དཔལ་ཡོན་ཞིབ་འཇུག་ཁང་གི་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས་པ་དང་། དཔལ་ཡོན་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རེས་གཏིང་ཟབ་བྱས་ཏེ་མི་དམངས་ཀྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས། པི་ལེ་ཨའེ་ཧྥུའུ་སི་གྲུ་ཁའི་རྣམ་གྲངས་ལ་རྟོག་ཞིབ་གནང་སྐབས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་རྒྱུར་སྐུལ་འདེད་བཏང་སྟེ་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་འདོད་ཡོད་ཅེས་གསུངས། ཁི་ལེ་ཐི་ཞིང་ཆེན་དུ་ཧྲིན་ཀྲང་ཨའར་ན་ཝུའུ་ཐ་ཅི་སིའི་ཕེབས་རོགས་འོག་སྐྱུ་རུ་རའི་ལྡུམ་ར་དང་ཐོན་སྐྱེད་འཁོར་ཁང་ལ་ལྟ་སྐོར་བྱས་ཏེ་ས་གནས་དང་ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས་མཉམ་ལས་ཀྱི་གྲུབ་འབྲས་སྔར་ལས་མང་པོ་ཐོབ་པར་བྱེད་འདོད་ཡོད་ཅེས་གསུངས།
ཤ་བོ་གསེར་མཚོས་བསྒྱུར།