ཝང་དབྱི་ཡིས་སོ་སོར་ཧ་སག་སི་ཐན་གྱི་ཙུང་ལི་གཞོན་པའམ་ཕྱི་འབྲེལ་བློན་ཆེན། ཐ་ཅི་ཁི་སི་ཐན་གྱི་ཕྱི་འབྲེལ་བློན་ཆེན། ཝུའུ་ཙི་པེ་ཁི་སི་ཐན་གྱི་ཕྱི་འབྲེལ་བློན་ཆེན་བཅས་ལ་ཐུག་འཕྲད་བྱས།
2024.12.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ12ཚེས1ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཁྲིན་ཏུའུ་རུ་སོ་སོར། ཧ་སག་སི་ཐན་གྱི་ཙུང་ལི་གཞོན་པའམ་ཕྱི་འབྲེལ་བློན་ཆེན་ནུའུ་ཨར་ཐི་ལེ་ཝུའུ་དང་། ཐ་ཅི་ཁི་སི་ཐན་གྱི་ཕྱི་འབྲེལ་བློན་ཆེན་མུའུ་ཧི་ལིས་ཏིན། ཝུའུ་ཙི་པེ་ཁི་སི་ཐན་གྱི་ཕྱི་འབྲེལ་བློན་ཆེན་སའེ་དབྱི་ཏོ་ཧྥུའུ་བཅས་ལ་ཐུག་འཕྲད་བྱས།

ཝང་དབྱི་ཡིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བདུན་པར་བདེ་ལེགས་ངང་ཧ་སག་སི་ཐན་དུ་རྒྱལ་དོན་འཚམས་འདྲི་བྱས་ཏེ། ཙུང་ཐུང་ཐོ་ཁཱ་ཡེ་ཧྥུའུ་དང་མཉམ་དུ་ཕྱོགས་གཉིས་ཀྱི་འབྲེལ་བའི་མ་འོངས་པའི་འཕེལ་རྒྱས་ཐད་ཁ་ཕྱོགས་གསལ་སྟོན་གནང་ཞིང་། འཆར་གཞིའི་རི་མོ་བཀོད་ཡོད། ཕྱོགས་གཉིས་ཀྱིས་འགོ་ཁྲིད་པའི་ཐུན་མོང་ངོས་འཛིན་ཕྱོགས་ཡོངས་ནས་དངོས་འབེབས་བཟང་པོ་བྱས་ཏེ། ཀྲུང་གོ་དང་ཧ་སག་སི་ཐན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་གྲུབ་འབྲས་གསར་བ་རྒྱུན་ཆད་མེད་པར་བླངས་ནས། རང་སོ་སོའི་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས་ཞེས་བཤད།

ནུའུ་ཨར་ཐི་ལའེ་ཝུའུ་ཡིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་གནང་སྟེ་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་ཆེན་པོའི་མཉམ་ལས་ཐད་སྒུལ་ཤུགས་སྟོབས་ལྡན་བསྣན་ཡོད། ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་བྱེད་པར་ཤུགས་སྣོན་དང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་སྤུས་ཚད་མཐོན་པོས་དངོས་འབེབས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་རྫོགས་ལྡན་གྱི་ལོ་ངོ་སུམ་ཅུ་གསར་བ་ཞིག་བསྐྲུན་འདོད་ཡོད།

ཝང་དབྱི་ཡིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བདུན་པར་བདེ་ལེགས་ངང་ཐ་ཅི་ཁི་སི་ཐན་དུ་རྒྱལ་དོན་འཚམས་འདྲི་གནང་སྟེ། ཙུང་ཐུང་ལཱ་ཧི་མན་དང་མཉམ་དུ་ཀྲུང་གོ་དང་ཐ་ཅི་ཁི་སི་ཐན་གྱི་འབྲེལ་བ་དུས་རབས་གསར་བའི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་རིམ་སྤོར་བྱས་པ་མཉམ་དུ་ཁྱབ་བསྒྲགས་གནང་ཡོད། ཀྲུང་གོས་ཐ་ཅི་ཁི་སི་ཐན་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དངོས་འབེབས་དོན་འཁྱོལ་བྱས་ནས། མཉམ་ལས་གྲུབ་འབྲས་ངོ་མར་བརྟེན་ནས་ཕྱོགས་གཉིས་ཀྱི་འཕེལ་རྒྱས་ཇེ་མགྱོགས་སུ་འགྲོ་བར་རོགས་ཤུགས་འདོན་རྒྱུ་ཡིན།

མུའུ་ཧི་ལིས་ཏིན་གྱིས་བཤད་རྒྱུར། ད་ལོ་ནི་ཐ་ཅི་ཁི་སི་ཐན་དང་ཀྲུང་གོའི་འབྲེལ་བའི་འབྲས་བཟང་གི་ལོ་ཞིག་སྟེ། ཆེས་དོན་སྙིང་ཡོད་པ་ཞིག་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐ་ཅི་ཁི་སི་ཐན་དུ་ལོ་རྒྱུས་རང་བཞིན་གྱི་རྒྱལ་དོན་འཚམས་འདྲི་གནང་བ་དེ་རེད། ཐ་ཅི་ཁི་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་གྱི་ཆུ་ཚད་མཐོ་བའི་ཕན་ཚུན་ཡིད་རྟོན་ལ་བརྩི་མཐོང་བྱེད་ཅིང་། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། སྔར་ལས་མང་བའི་ཀྲུང་གོའི་ཁེ་ལས་ཀྱིས་ཐ་ཅི་ཁི་སི་ཐན་དུ་དངུལ་གཏོང་ལས་སྤེལ་བྱེད་པར་དགའ་བསུ་ཞུ་འདོད་ཡོད་ཟེར།

ཝང་དབྱི་ཡིས་བཤད་རྒྱུར། ཝུའུ་ཙི་པེ་ཁི་སི་ཐན་ནི་ཀྲུང་གོའི་དུས་རབས་གསར་བའི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོ་ཐོག་མ་ཡིན་ཞིང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཚད་གཞི་མཐོ་བའི་ཡིད་རྟོན་དང་གཏིང་ཟབ་པའི་མཛའ་འབྲེལ་བཙུགས་ཏེ། ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་གྱི་འབྲེལ་བ་རྒྱུན་མཐུད་བརྟན་འཇགས་སྒོས་འཕེལ་རྒྱས་གཏོང་ཆེད་ཆབ་སྲིད་དང་འཐབ་ཇུས་ཀྱི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས་ཡོད། ང་ཚོས་གཙོ་འཛིན་གྱི་ཐུང་མོང་ངོས་འཛིན་ཕྱོགས་སྟོན་ཏུ་བཟུང་ནས། ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཕྱོགས་ཡོངས་ཀྱི་མཉམ་ལས་ཐད་ནས་སྔར་ལས་མང་བའི་སྤུས་ཚད་མཐོ་བའི་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་དགོས།

སའེ་དབྱི་ཏོ་ཧྥུའུ་ཡིས་བཤད་རྒྱུར། ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་ཡིད་རྟོན་དང་སྤུན་ཟླ་ལྟ་བུའི་མཛའ་བརྩེ་ལ་གཅེས་སྐྱོང་བྱས་ཏེ། ཀྲུང་གོ་གཅིག་གི་རྩ་དོན་བརྟན་སྲུང་བྱས་ནས་ལངས་ཕྱོགས་ལ་འགྱུར་བ་གཏོང་མི་སྲིད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དངོས་འབེབས་བཟང་པོ་བྱས་ཏེ། ཝུའུ་ཙི་པེ་ཁི་སི་ཐན་དང་ཀྲུང་གོའི་དུས་རབས་གསར་བའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་ཤུགས་དྲག་ཏུ་གཏོང་འདོད་ཡོད།

ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་བར་གྱི་ཆོག་འཐུས་ལག་ཁྱེར་མི་དགོས་པའི་གྲོས་གཞིར་མིང་རྟགས་བཀོད།

རིག་འཛིན་སྒྲོལ་མས་བསྒྱུར།