ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་ཕྱི་འབྲེལ་པུའུ་ཀྲང་གི་ཐུག་འཕྲད་ཐེངས་ལྔ་པ་ཁྲིན་ཏུའུ་རུ་བསྡུས།
2024.12.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

 ཚེས1ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱིས་ཁྲིན་ཏུའུ་རུ་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་ཕྱི་འབྲེལ་པུའུ་ཀྲང་གི་ཐུག་འཕྲད་ཐེངས་ལྔ་པར་མགོ་འཛིན་བྱས། ཧ་སག་སི་ཐན་གྱི་ཙུང་ལི་གཞོན་པའི་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་འཁུར་བའི་ནུའུ་ཨར་ཐེ་ལེ་ཝུའུ་དང་།  ཅི་ཨར་ཅི་སི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་ཁུའུ་ལུའུ་པ་ཡེ་ཧྥུའུ།  ཐ་ཅི་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་མུའུ་ཧོ་ལིས་ཏེན། ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ལི་གཞོན་པ་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་འཁུར་བའི་མེ་ལེ་ཏུའོ་ཧྥུའུ། བུའུ་ཙི་པེ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་སའེ་དབྱི་ཏུའོ་ཧྥུའུ་བཅས་ཐུག་འཕྲད་ལ་ཞུགས།

ཝང་དབྱི་ཡིས་ན་ནིང་གི་ཟླ5པར་སྐབས་དང་པོའི་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྩེ་ཚོགས་ཞི་ཨན་དུ་བདེ་བླག་ངང་བསྡུས་ཏེ། ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་བར་གྱི་འབྲེལ་བའི་འཕེལ་རྒྱས་ཀྱི་དུས་རབས་གསར་པ་འགོ་བརྩམས་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་དང་ལག་གདང་སྦྲེལ་ནས་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་མཉམ་ལས་ཕྱོགས་ཡོངས་ནས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བཤད།

གཅིག་ནི་གཙོ་འཛིན་གྱིས་སྣེ་ཁྲིད་མཛད་པ་རྒྱུན་འཁྱོངས་བྱེད་དགོས། རྒྱལ་ཁབ་དྲུག་གི་གཙོ་འཛིན་གྱིས་འཆར་འགོད་གནང་བ་ལྟར། ཞི་ཨན་རྩེ་ཚོགས་ཀྱི་ཐུན་མོང་ངོས་འཛིན་མུ་མཐུད་དུ་དོན་འཁྱོལ་ཡག་པོ་བྱས་ཏེ། སང་ལོར་ཧ་སག་སི་ཐན་དུ་གཉེར་བའི་རྩེ་ཚོགས་སྐབས་གཉིས་པར་གྲ་སྒྲིག་ཞིབ་ཚགས་བྱེད་དགོས།

གཉིས་ནི་སྔོན་ལ་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱེད་དགོས། ཉོ་ཚོང་ཤར་གཏོང་དང་། ཐོན་ལས་ལ་མ་དངུལ་གཏོང་བ། ཕན་ཚུན་འབྲེལ་མཐུད། ལྗང་མདོག་གཏེར་ཁ། ཞིང་ལས། མི་སྣ་འགྲོ་འོང་སྟབས་བདེ་ཅན་བཅས་སྔོན་ལ་འཇོག་པའི་མཉམ་ལས་ཀྱི་ཁ་ཕྱོགས་ཆེན་པོ་དྲུག་ལ་དམིགས་ཏེ། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཉམ་ལས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་གཞི་དོན་འཁྱོལ་བྱེད་དགོས།

གསུམ་ནི་བདེ་སྡུག་མཉམ་མྱོང་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་གཞི་དོན་འཁྱོལ་ཡག་པོ་དང་། ཁྲིམས་བསྟར་བདེ་འཇགས་མཉམ་ལས་ཟབ་སྤེལ། ལག་གདང་སྦྲེལ་ནས་ཉམས་ཉེན་དང་འགྲན་སློང་ལ་ཁ་གཏད་འཇལ་བ་བཅས་བྱས་ཏེ། རྒྱལ་ཁབ་དྲུག་གི་བརྟན་བརླིང་དང་འཆམ་མཐུན་གྱི་འཕེལ་རྒྱས་ཁོར་ཡུག་སྲུང་སྐྱོང་བྱེད་དགོས།

བཞི་ནི་མི་རབས་ནས་མི་རབས་བར་མཛའ་མཐུན་ཡོང་བ་རྒྱུན་འཁྱོངས་བྱེད་དགོས། གོ་ལ་ཧྲིལ་པོའི་དཔལ་ཡོན་གྲོས་གཞི་མཉམ་དུ་ལག་བསྟར་བྱས་ཏེ། འདྲ་མཉམ་དང་། ཕན་ཚུན་དཔྱད་གཞིར་འཛིན་པ། གླེང་མོལ་བྱེད་པ། ཁོང་ཡངས་བཅས་ཀྱི་དཔལ་ཡོན་ལྟ་བ་རྒྱུན་འཁྱོངས་བྱས་ནས། ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་དང་མི་རབས་བར་གྱི་ཞི་བདེའི་འདུ་ཤེས་མུ་མཐུད་དུ་རྒྱུན་འཛིན་བྱེད་དགོས།

ལྔ་ནི་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་དགོས། རྣམ་པ་གང་རུང་གི་“འབྲེལ་ཐག་གཅོད་པ”དང“སྒོ་ར་ཆུང་ངུའི་གྱང་མཐོན་པོ”ལ་ངོ་རྒོལ་བྱས་ཏེ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་མམཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།

ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ལྔ་ཡི་ཕྱི་འབྲེལ་པུའུ་ཀྲང་གིས་ཀྲུང་གོས་བཏོན་པའི་མཉམ་ལས་ཀྱི་གྲོས་གཞི་ཁག་ལ་བསྟོད་བསྔགས་བྱེད་ཀྱིན་ཡོད་ལ། ཀྲུང་གོ་དང་མཉམ་དུ་ཨེ་ཤ་ཡ་དབུས་མ་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་འདོད་ཡོད་ཅེས་བསྟན།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།