ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་བསྟར་དོན་འཁྱོལ་བྱ་ཆེད། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས《ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་སློབ་སྦྱོང་རྩ་གནད》ཞེས་པའི་དཔེ་དེབ་རྩོམ་སྒྲིག་བྱས་ཏེ། སློབ་སྦྱོང་དཔེ་སྐྲུན་ཁང་དང་མི་དམངས་དཔེ་སྐྲུན་ཁང་གིས་མཉམ་འབྲེལ་སྒོས་པར་སྐྲུན་བྱས་པ་དང་། ཟླ་བཅུ་པའི་ཚེས་གསུམ་ཉིན་ནས་བཟུང་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་རྐང་བཙུགས་ནས། རིག་གནས་འཛུགས་སྐྲུན་དེ་རྒྱལ་སྲིད་སྐྱོང་ལུགས་ཀྱི་འབུར་ཐོན་གོ་གནས་སུ་འཇོག་པ་རྒྱུན་འཁྱོངས་བྱས་ཏེ། བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བཏོན་པ་དང་། གསར་སྐྲུན་རང་བཞིན་གྱིས་དགོངས་པ་གསར་པ་དང་ལྟ་ཚུལ་གསར་པ། རྩོད་སྒྲུབ་གསར་པ་བཅས་རབ་དང་རིམ་པ་བཏོན་ནས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་གྲུབ། ཞི་ཅིན་ཕིང་གི་རིག་གནས་དགོངས་པས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ཇི་འདྲ་ཞིག་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ཇི་ལྟར་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་པའི་དཔྱད་གཞི་གལ་ཆེན་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་ལན་བཏབ་པ་དང་། དུས་རབས་གསར་པའི་རིག་གནས་འཛུགས་སྐྲུན་གྱི་གོ་གནས་དང་ནུས་པ། དམིགས་འབེན་དང་ལས་འགན། བྱེད་ཕྱོགས་དང་རྩ་དོན། འཐབ་ཇུས་ཀྱི་ཐབས་ལམ། ལག་ལེན་གྱི་བླང་བྱ་བཅས་རྒྱས་བཤད་གཏིང་ཟབ་བྱས་ཡོད། “ཟུང་འབྲེལ་གཉིས”རྒྱུན་འཁྱོངས་དང་། མར་ཁེ་སིའི་རིང་ལུགས་ཀྱི་རིག་གནས་དང་རིགས་པའི་གཞུང་ལུགས་གསར་སྐྲུན་བྱེད་པར་སྐུལ་འདེད་བཏང་བའི་གྲུབ་འབྲས་གལ་ཆེན་ཡིན་པ་དང་། ལུས་བཀོལ་བདེ་སྤྱོད་དང་ལུས་བཀོལ་མཐུད་འབྲེལ་གྱི་ཚན་རིག་མ་ལག་ཡིན་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རིག་གནས་ཀྱི་ལེ་ཚན་གྲུབ་ནས། དུས་རབས་གསར་པའི་སྐྱོད་ལམ་གསར་པའི་སྟེང་གི་དྲིལ་བསྒྲགས་བསམ་བློ་རིག་གནས་ཀྱི་བྱ་བ་ཡག་པོ་སྒྲུབ་པ་དང་། རིག་གནས་དར་སྤེལ་ལ་སྐུལ་འདེད་གཏོང་བ། རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བཅས་བྱ་ཆེད་བསམ་བློའི་དྲག་ཆས་སྟོབས་ཆེན་དང་ཚན་རིག་དང་མཐུན་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་འདོན་སྤྲོད་བྱས།
《རྩ་གནད》ལ་བསྡོམས་པའི་ལེའུ14དང་དོན་ཚན85ཡོད་པ་དང་། ཡིག་འབྲུ་ཁྲི་དྲུག་དང་སྟོང་བརྒྱད་ཡོད། དཔེ་དེབ་དེའི་ནང་ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་ལྟེ་བའི་དོན་སྙིང་དང་། དགོངས་དོན་གྱི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་བརྒྱུད་རིམ་ལྡན་པའི་སྒོ་ནས་འཆད་འགྲེལ་བྱས་པ་དང་། ཕྱོགས་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རིག་གནས་ཁྱབ་ཁོངས་ཀྱི་གསར་གཏོད་རང་བཞིན་གྱི་བྱས་རྗེས་ཕྱོགས་ཡོངས་ནས་མཚོན་ཡོད། 《རྩ་གནད》ནང་རྒྱས་བཤད་གཏིང་ཟབ་དང་གྲུབ་ཆ་གཟབ་ནན། གསོན་ཉམས་ལྡན་པའི་མ་ཡིག་དང་མ་རྩོམ། རྩོམ་སྟངས་བཅས་བབ་ཆགས་པ་ཞིག་ཡོད་པས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ཀྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པའི་དབང་གྲགས་རམ་འདེགས་ཀློག་དེབ་ཅིག་རེད།
ཀྲུང་དབྱངས་དྲིལ་སྒྲོག་པུའུ་ཡིས་བཏང་བའི་བརྡ་སྦྱོར་ལྟར་ན། རིམ་པ་སོ་སོའི་ཏང་ཨུ་ཡིས《རྩ་གནད》སློབ་སྦྱོང་འཆར་གཞིའི་ནང་བཅུག་ནས། ཇི་མ་ཇི་བཞིན་དང་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་བྱེད་པ་དང་། དོན་དངོས་དང་ཟུང་འབྲེལ་དང་གཙོ་གནད་སློབ་སྦྱོང་ལ་དམིགས་པ། གཅིག་ཤེས་ཀུན་གྲོལ་དང་མཐའ་གསལ་མཐིལ་རྟོགས་ངང་སློབ་སྦྱོང་བྱེད་པ། བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྔར་ལས་རང་རྟོགས་ངང་ཞི་ཅིན་ཕིང་གི་རིག་གནས་དགོངས་པར་བརྟེན་ནས་དངོས་ཡོད་གནད་དོན་ལ་མཛུབ་ཁྲིད་དང་ཐག་གཅོད་བྱེད་པ་དང་། རིག་གནས་འཕེལ་རྒྱས་ཀྱི་ཆོས་ཉིད་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ་དང་། རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། ནུས་ཤུགས་ཡོད་རྒུས་དྲིལ་བསྒྲགས་བསམ་བློ་རིག་གནས་བཅས་ཀྱི་བྱ་བར་རྣམ་པ་གསར་པ་གཏོད་པ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་བརྩོན་བྱེད་དགོས།
ཤ་བོ་རིན་མཚོས་བསྒྱུར།