མཚོ་སྔོན་ཞིང་ཆེན་གྱི་རྨ་ཆུའི་རིག་གནས་སྲུང་སྐྱོབ་དར་སྤེལ་གྱི་ཆེད་དོན་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས།
2024.12.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྨ་ཆུའི་རིག་གནས་སྲུང་སྐྱོབ་དར་སྤེལ་བྱེད་པའི་ཆེད་དོན་བཞུགས་མོལ་ཚོགས་འདུ་ཟླ12པའི་ཚེས3ཉིན་གྱི་ཕྱི་དྲོར་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་གཏམ་བཤད་། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། ལོ་རྒྱུས་ཀྱི་ལྟ་བ་ཆེན་པོ་དང་རིག་གནས་ཀྱི་ལྟ་བ་ཆེན་པོ། དུས་རབས་ཀྱི་ལྟ་བ་ཆེན་པོ་གྲུབ་པར་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་རྒྱུ་བཅས་གཙོ་སྙིང་དུ་བྱས་ནས། རྨ་ཆུའི་རིག་གནས་སྲུང་སྐྱོབ་བྱེད་པ་དང་དར་སྤེལ་གཏོང་བའི་མཚོ་སྔོན་གྱི་འགན་འཁྲི་ཕྲག་ཏུ་ལེན་དགོས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཚོགས་འདུར་ཞུགས།

ཚོགས་ཐོག་ཏུ། གནའ་བོའི་ཕོ་བྲང་རྟེན་མཛོད་ཁང་ནང་བསྟན་ཆོས་ལུགས་རིག་དངོས་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་མི་སྣ་ལའོ་ཝུན་ཧྭ་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་ལོ་རྒྱུས་སློབ་གླིང་གི་གླིང་གཙོ་ཏེན་པའེ་ཧྥིན། ཞིང་ཆེན་དམངས་སྲོལ་རིག་པའི་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཐང་ཀྲུང་ཧྲན། རྒྱལ་ཁབ་རིག་གནས་སྤྱི་གླིང་ཆེད་མཁས་པའི་བློ་འདྲི་ཨུ་ཡོན་ལྷན་ཁང་རྨ་ཆུའི་ཚན་ཆུང་གི་ཆེད་མཁས་པ་ཨི་ཁྲུང་རུང་བཅས་ཀྱིས་སོ་སོར། གྲོ་ཚང་རྡོ་རྗེ་འཆང་རིག་གནས་སྲུང་སྐྱོབ་དང་ཞིབ་འཇུག རྨ་ཆུའི་རིག་གནས་ཡུལ་སྐོར་ཁུལ་གསར་སྐྲུན་བྱེད་པ། རྒྱལ་ཁབ་རིམ་པའི་རྨ་ཙོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་པ། རྨ་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་མཚོ་སྔོན་བར་མཚམས་འཛུགས་སྐྲུན་དང་བཀོལ་སྤྱོད་བཟང་བོ་བྱེད་པ་བཅས་ལ་དམིགས་ནས་བརྗེ་རེས་གཏམ་བཤད་བྱས། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་དང་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། མཚོ་ཤར་གྲོང་ཁྱེར་བཅས་ཀྱིས་འབྲེལ་ཡོད་གནས་ཚུལ་ཡར་ཞུ་བྱས།

ཁྲིན་ཀང་གིས་གཏམ་བཤད་དང་ཡར་ཞུ་ལ་ཉན་རྗེས་བསྟན་དོན། རྨ་ཆུའི་བཞུར་རྒྱུད་ནི་ཀྲུང་ཧྭ་མི་རིགས་དང་ཀྲུང་ཧྭ་རིག་གནས་ཀྱི་འབྱུང་གནས་གཙོ་བོ་ཡིན་པ་དང་། རྨ་ཆུའི་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་རྩ་བ་དང་བླ་སྲོག་ཡིན། མཚོ་སྔོན་རྨ་ཆུའི་འགོ་ཁུངས་དང་གཞུང་རྒྱུན་ཡིན་པའི་ཆ་ནས། རྨ་ཆུའི་རིག་གནས་སྲུང་སྐྱོབ་དང་དར་སྤེལ་གཏོང་བ་དང་། ལོ་རྒྱུས་ཀྱི་རིག་རྒྱུན་དང་རྩ་རྒྱུན་རྒྱུན་འཛིན་བྱེད་རྒྱུ་ནི། མི་རབས་རེ་རེའི་མཚོ་སྔོན་གྱི་མིས་གཡོལ་ཐབས་མེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཡིན་པས། ལོ་རྒྱུས་ཀྱི་ལྟ་བ་ཆེན་པོ་འཛུགས་པ་དང་། ལོ་རྒྱུས་ཀྱི་མཐོང་རྒྱར་བརྟེན་ནས་རིག་གནས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་གོ་བ་ཟབ་མོ་ལེན་པ་དང་། རྨ་ཙོང་རིག་གནས་མཚོན་བྱེད་དུ་བྱས་པའི་མཚོ་སྔོན་གྱི་རྨ་ཆུའི་རིག་གནས་སྔོག་འདོན་དང་སྲུང་སྐྱོབ། དར་སྤེལ་བཏང་སྟེ། རིག་གནས་དང་མཚོ་སྔོན་མཉམ་སྡེབ་ཀྱི་རྩོམ་ཡིག་བཟང་བོ་འབྲི་དགོས། རིག་གནས་ཀྱི་ལྟ་བ་ཆེན་པོ་འཛུགས་པ་དང་། རིག་གནས་ཀྱི་ངོས་ལེན་ཇེ་མཐོར་གཏོང་བའི་ཕྱོགས་ངོས་ནས་གནས་ཐིག་གཏན་ཁེལ་ཁོང་དུ་ཆུད་པར་བྱེད་པ་དང་། ཀྲུང་ཧྭ་རིག་གནས་ཀྱི་ལངས་ཕྱོགས་བརྟན་སྲུང་བྱེད་པ། མཚོ་སྔོན་གྱི་རྨ་ཆུའི་གཏམ་རྒྱུད་བཟང་བོར་བཤད་དེ། མཚོ་སྔོན་གྱི་རྨ་ཆུའི་རིག་གནས་ཀྱི་ཚེ་སྲོག་ནུས་པ་དང་བརྒྱུད་སྒྲོག་ནུས་པ། ཤན་ཤུགས་བཅས་ཇེ་ཆེར་གཏོང་དགོས། དུས་རབས་ཀྱི་ལྟ་བ་ཆེན་པོ་འཛུགས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཁ་ཕྱོགས་ནས་རིག་གནས་འཕེལ་རྒྱས་ཀྱི་འབྲེལ་ལམ་ལ་རྒྱུས་ལོན་ཡང་དག་བྱེད་པ་དང་། རིག་གནས་མཉམ་བསྲེས་བྱེད་པའི་ཁྲོད་འཕེལ་རྒྱས་ཀྱི་ཆེས་ཆེ་བའི་སྤྱིའི་བགོ་གྲངས་བཙལ་ནས། མི་རིགས་སོ་སོའི་བར་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་རྒྱ་ཆེར་བྱེད་པར་སྐུལ་འདེད་གཏོང་དགོས།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། རྨ་ཆུའི་རིག་གནས་སྲུང་སྐྱོབ་བྱེད་པ་དང་དར་སྤེལ་གཏོང་ན། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་གཙོ་སྙིང་དུ་བྱེད་པ་དང་། རྨ་ཆུའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་རྒྱུ་དེ་རྨ་ཆུའི་རིག་གནས་དྲིལ་སྒྲོག་བྱེད་པ་དང་དར་སྤེལ་གཏོང་བའི་དུས་རབས་ཀྱི་སྒྲ་དྲག་པོ་རུ་བྱེད་པ། ལོ་རྒྱུས་ལ་འགན་ཁུར་བ་དང་མི་རིགས་ལ་འགན་ཁུར་བ། བུ་རབས་ཚ་རྒྱུད་ལ་འགན་ཁུར་བའི་རྣམ་འགྱུར་བཟུང་ནས། རིག་དངོས་སྲུང་སྐྱོབ་བྱེད་རྒྱུ་དེ་སེམས་ལ་བཟུང་བ་དང་ལག་ཏུ་འཛིན་པ། སྟོབས་ཤུགས་ཡོད་རྒུས་རིག་དངོས་གནའ་དཔྱད་བྱ་བར་རྒྱབ་སྐྱོར་བྱེད་པ། གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱེད་པར་དོ་སྣང་བྱེད་པ། སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱས་ནས། བཅོས་བསྒྱུར་གྱི་བསམ་བློར་བརྟེན་ནས་རིག་གནས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་གསར་དུ་བཟོ་བཅོས་བྱས་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོབ་བཅའ་ཁྲིམས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། སྔོན་དུ་དུས་རིམ་རྗེས་མའི་རྨ་ཆུའི་མཚོ་སྔོན་བཞུར་རྒྱུད་ཀྱི་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་དར་སྤེལ་གྱི་འཆར་གཞིར་ཇུས་འགོད་བཟང་བོ་བྱེད་པ། རྨ་ཆུའི་རིག་གནས་སྤྱི་གླིང་མཚོ་སྔོན་བར་མཚམས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། རྨ་ཙོང་རིག་གནས་ཡུལ་སྐོར་དུས་ཆེན་ཀྱི་གདང་འདེགས་རིམ་སྤོར་ལ་སྐུལ་འདེད་གཏོང་བ། གྲོ་ཚང་རྡོ་རྗེ་འཆང་སོགས་རིག་དངོས་སྲུང་སྐྱོབ་སྡེ་ཁག་གི་དོ་དམ་ཐབས་ལམ་ལ་དབྱེ་ཞིབ་བཟང་བོ་བྱེད་པ། རྟེན་མཛོད་གླིང་དང་ལོ་རྒྱུས་རིག་གནས་ཁྲོམ་སྲང་། མཉམ་འདྲེས་སྨྱན་སྦྱོར་སོགས་ཀྱི་བརྒྱུད་སྒྲོག་སྟར་སྒྲིག་གསར་སྐྲུན་བྱེད་པ། རིག་གནས་ཁྱབ་ཁོངས་ཀྱི་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ནས། རྨ་ཆུའི་རིག་གནས་ལ་སྲུང་སྐྱོབ་བྱེད་པ་དང་དར་སྤེལ་གཏོང་བའི་འབྲེལ་ཡོད་བྱ་བ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་གྱིས་ཚོགས་འདུར་མགོ་འཛིན་བྱས། ཞིང་ཆེན་གྱི་འགོ་ཁྲིད་ཚེ་རིང་ཐར་དང་ཀྲུའུ་ཞང་ཧྥིན། དབྱང་ཧྥིན་ཁྲུན། ལིའུ་ཏ་ཡེ་བཅས་ཚོགས་འདུར་ཞུགས། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་ཞིང་ཆེན་ཁོངས་གཏོགས་མཐོ་རིམ་སློབ་གྲྭ རྒྱལ་དབང་རིག་གནས་ཁེ་ལས། འབྲེལ་ཡོད་རིག་དངོས་སྡེ་ཁག ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་སྨྱན་སྦྱོར། རྨ་ཙོང་དང་རྨ་ཆུའི་འགྲམ་རྒྱུད་ཀྱི་གྲོང་ཁྱེར་དང་ཁུལ་བཅས་ཀྱི་འགན་ཁུར་བློ་མཐུན་ཚོགས་འདུར་ཞུགས།