ཟླ12པའི་ཚེས4ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་འགོ་འཛིན་མཛད་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་ལག་བསྟར་བསམ་འཆར་ཞིབ་འཇུག་བྱས་ལ། འབྲེལ་ཡོད་བྱ་བའི་སྙན་ཞུར་ཉན་པ་དང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས། རྣམ་པ་གསར་པའི་མཁར་གྲོང་ཅན་འཛུགས་སྐྲུན་དང“ལས་བྱེད་པས་ལས་ལ་འབད་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་དགོས་པའི”བླང་བྱ་དོན་འཁྱོལ་དང་ཕན་འབྲས་ཐོན་པ་སོགས་ཀྱི་བྱ་བ་གཏིང་ཟབ་ཏུ་གཏོང་རྒྱུར་ཞིབ་འཇུག་བྱས།
གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་། “ཁྱོན་ཡོངས་གཉིས”ཀྱི་མཐོ་ཚད་ནས་མཉམ་དུ“རྒྱུད་གཅིག་ལམ་གཅིག”བསྐྲུན་པ་ལས་ཐོབ་པའི་གྲུབ་འབྲས་མངོན་གསལ་བརྒྱུད་རིམ་ལྡན་པའི་ངང་ཕྱོགས་སྡོམ་དང་། གནས་བབ་གསར་པ་དང་ལས་འགན་གསར་པར་འཕྲད་པའི་གནད་དོན་ཚན་རིག་དང་མཐུན་པའི་ངང་དབྱེ་ཞིབ་བྱེད་པ། ཕྱོགས་ཡོངས་ནས “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བཀོད་སྒྲིག་གལ་ཆེན་བཅས་གནང་སྟེ། མཚོ་སྔོན་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་དང་སྔར་ལས་ལེགས་པའི་སྒོ་ནས་མཉམ་འདྲེས་དང་ཞབས་འདེགས་ཞུ་རྒྱུར་ཁ་ཕྱོགས་གསལ་བོ་བསྟན་ཡོད། རྒྱལ་ཁབ་ཀྱི་དགོས་མཁོ་དང་མཚོ་སྔོན་གྱི་ནུས་པ་ལ་དམིགས་ནས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྒྱལ་ཁབ་བར་གྱི་འགྲོ་འོང་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ནུས་ཁུངས་གཙང་མ། ལྗང་མདོག་རྩིས་ནུས་སོགས་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས།
གྲོས་ཚོགས་ལས་ཏང་ཀྲུང་དབྱང་གི་རྣམ་པ་གསར་པའི་མཁར་གྲོང་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བཀོད་སྒྲིག་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ནས། རང་ཞིང་གི་མཁར་གྲོང་ཅན་གྱི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་གཏོང་བ་སོགས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་གསར་པ་དམ་འཛིན་གང་ལེགས་བྱེད་པ་དང་། “མི་གྲངས་དང་ཐོན་ལས། སྤྱི་པའི་ཞབས་ཞུ། མཁར་གྲོང་། སྐྱེ་ཁམས་སྲུང་སྐྱོབ”བཅས་གནས་ལྔ་གཞི་གཅིག་ལ་སྐུལ་འདེད་གཏོང་བར་གཅིག་གྱུར་འཆར་འགོད་བྱེད་པ་དང་། “ཆུ་དང་གློག ལམ། ཐོན་ལས། མཁར་གྲོང”སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། འཆར་འགོད་ཀྱི་སྣེ་ཁྲིད་འབུར་དུ་ཐོན་པར་བྱས་ནས། ཁྱོན་ཡོངས་ནས་བསམ་གཞིགས་དང་ཁྱོན་ཡོངས་ལ་ཇུས་འགོད་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ལས་འགན་སྣ་ཚོགས་དམ་འཛིན་དང་ཞིབ་ཚགས་སུ་བཏང་ནས། འཕར་སྣོན་སྲིད་ཇུས་རབ་དང་རིམ་པ་བེད་སྤྱོད་ཡག་པོ་བྱས་ཏེ། མཚོ་སྔོན་གྱི་དོན་དངོས་དང་མཐུན་པའི་རྣམ་པ་གསར་པའི་མཁར་གྲོང་ཅན་གྱི་ལམ་དུ་བསྐྱོད་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ལས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ནགས་དཔོན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། བྱ་བའི་སྤྱི་འདོམས་ནུས་པ་ཆེ་རུ་གཏོང་བ། ཕྱོགས་སོ་སོའི་ཐོན་ཁུངས་ནུས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱས་ནས། མཐུན་སྦྱོར་ནུས་ཆེའི་ནགས་དཔོན་ལམ་ལུགས་ཀྱི་བྱ་བའི་མ་ལག་ཅིག་སྐྲུན་དགོས། རྣམ་གྲངས་སྐོར་ཞིག་ཇུས་འགོད་དང་གསོག་འཇོག རེ་ཞུ། ལག་བསྟར་བཅས་བྱས་ནས་རྣམ་གྲངས་འཆར་འགོད་དང་དོ་དམ་བྱེད་ནུས་ཆེ་རུ་གཏོང་དགོས། བཅོས་སྒྱུར་གྱི་བསམ་གཞིག་ལ་བརྟེན་ནས་ནགས་རྩྭའི་ཁྱབ་ཁོངས་ཀྱི་དཀའ་གནད་ཐག་གཅོད་བྱེད་པ་དང་། སྔོན་དཔག་རང་བཞིན་དང་འགག་རྩའི་རང་བཞིན་གྱི་གནད་དོན་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ། ཧུར་ཐག་གིས་འབྲེལ་ཡོད་ཀྱི་བཅོས་སྒྱུར་ཚོད་ལྟ་བརྟན་པོའི་ངང་སྤེལ་བ་བཅས་བྱེད་དགོས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་ཕྱུགས་བཀག་ཁུལ་དང་རྩྭ་ཕྱུགས་དོ་སྙོམས་ཁུལ་གྱི་དབྱེ་མཚམས་གསལ་པོ་ཕྱེ་སྟེ། སྲུང་སྐྱོབ་དང་འཕེལ་རྒྱས་ལ་སྤྱི་འདོམས་སྔར་ལས་ལེགས་པོ་བྱེད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། “ལས་བྱེད་པས་ལས་ལ་འབད་དགོས་པ་དང་། རིགས་ལམ་གསལ་དགོས་པ། རང་གཅུན་ནན་དགོས་པའི”བླང་བྱ་གཏིང་ཟབ་ཏུ་གཏོང་བ་དེ་མཐར་གཏུག་ན་སྒྲུབ་པའི་སྟེང་དུ་འཇོག་དགོས། རྒྱ་ཆེའི་ལས་བྱེད་པས་འགན་འཁྲི་འཁུར་ཕོད་པར་བྱ་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱེད་པ་དང་། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་སྐྱེ་ཁམས་ལ་བརྟེན་ནས་ལས་སྒྲུབ་ལས་སྐྲུན་གྱི་རྣམ་པ་བཟང་པོ་གཏོད་དགོས། ནུས་ཤུགས་ཡོད་རྒུས་ལས་བྱེད་པའི་ནུས་པ་དང་བྱང་ཚད་མཐོ་རུ་གཏོང་བ་དང་། ལས་སྒྲུབ་ལས་སྐྲུན་གྱི“ནུས་པ་རིགས་བདུན”གསོ་སྐྱོང་ཧུར་ཐག་བྱེད་པ། ལས་བྱེད་པའི་ལས་སྒྲུབ་ཀྱི་འཇོན་ཐང་ངོ་མ་སྦྱོང་བརྡར་བཅས་བྱེད་དགོས། གནད་ལ་འཁེལ་བའི་སྒོ་ནས་ལས་བྱེད་པར་དཔྱད་ཞིབ་དང་གདེང་འཇོག་བྱེད་པ་དང་། དཔྱད་ཞིབ་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ། དཔྱད་ཞིབ་གྲུབ་འབྲས་སྤྱོད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། རྒྱ་ཆེའི་ལས་བྱེད་པར་ལས་ཀ་སྒྲུབ་འདོད་པ་དང་། ལས་ཀ་སྒྲུབ་ཐུབ་པ། ལས་ཀ་འགྲུབ་ཐུབ་པ་བཅས་བྱེད་དུ་འཇུག་དགོས།
གྲོས་ཚོགས་ལས་བསྟན་དོན། ད་ལོ་ནས་བཟུང་ཞིང་ཆེན་ཏང་ཨུའི་གཙོ་གནད་བྱ་བར་དམིགས་ནས་མཐིལ་རྟོགས་རྣམ་པའི་རྟོག་ཞིབ་བྱས་ཏེ་བྱ་བའི་ཞིབ་ཚགས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་སྐུལ་འདེད་གཏོང་དཀའ་བ་དང་ལག་ལེན་གྱི་ལས་འགན་ལྕི་བའི་བྱ་བར་དམིགས་ཏེ། ཆེད་དམིགས་དང་ཞིབ་ཚགས། གནད་འཁེལ། ཏན་ཏིག་བཅས་འབུར་ཐོན་ཡོང་བར་བྱེད་པ་དང་། དུས་ཚོད་གཅིག་སྡུད་དང་གནད་དོན་གནད་འཁེལ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་གཏིང་རིམ་དང་འགག་རྩའི་རང་བཞིན་ལྡན་པའི་གནད་དོན་རྙེད་ཐབས་བྱེད་དགོས་པ་མ་ཟད་ཐག་གཅོད་ཀྱང་བྱ་དགོས། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་བརྟག་དཔྱད་ཞིབ་འཇུག་བྱེད་པ་དང་། ད་ཡོད་ཀྱི་ཉམས་མྱོང་དང་ལས་སྟངས་ཕྱོགས་བསྡོམས་དང་བེད་སྤྱོད་ཡག་པོ་བྱེད་པ། བརྟག་དཔྱད་ཞིབ་འཇུག་ཁྲོད་དུ་བྱ་བའི་བསམ་ཕྱོགས་གཙང་བཤེར་བཅས་བྱས་ནས་བྱ་བ་སྣ་ཚོགས་ལ་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤུས་ཚད་ལྟ་སྐུལ་དོ་དམ་དང་ཤེས་བྱའི་ཐོན་དབང་། ཟས་རིགས་བདེ་འཇགས་བཅས་ཀྱི་བྱ་བ་ནི་ཞིང་ཆེན་ཡོངས་ཀྱི་རྨང་གཞིའི་རང་བཞིན་དང་། ཡུན་རིང་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་ལས་འགན་ཞིག་ཡིན་པས། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་ཀྱི་ལས་འགན་གསར་པ་དང་བླང་བྱ་གསར་པར་དམིགས་ནས་ད་ཡོད་ཀྱི་བྱ་བའི་ཕན་འབྲས་སྲ་བརྟན་དུ་གཏོང་བ་དང་། གནས་པའི་བར་ཁྱད་དང་མི་འདང་སར་བརྒྱུད་རིམ་ལྡན་པའི་ངང་དབྱེ་ཞིབ་བྱེད་པ། ཕྱོགས་སོ་སོར་མཉམ་འགུལ་དང་མཉམ་དུ་ཟབ་ཞུགས་བྱ་རྒྱུར་རྒྱུན་འཁྱོངས་བྱེད་པ། དོན་གཅིག་ལ་དམིགས་ན་དོན་དེ་འགྲུབ་པར་བྱས་ཏེ། ལོ་རེར་སྐས་རིམ་གསར་པ་ཞིག་ཏུ་སྙེག་པ་བཅས་བྱས་ནས། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་སྔར་ལས་གལ་ཆེའི་ནུས་པ་འདོན་སྤེལ་བྱེད་དགོས།
གྲོས་ཚོགས་ལས་སྐབས་བཅུ་བཞི་པའི་ཞིང་ཆེན་ཏང་ཨུའི་རེས་སྐོར་གཉིས་པའི་སྐོར་སྐྱོད་དག་ཐེར་གྱི་ཕྱོགས་བསྡུས་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱས་ནས། ཆབ་སྲིད་སྐོར་ཞིབ་ཀྱི་རལ་གྲི་རྣོན་པོའི་ནུས་པ་འདོན་སྤེལ་བྱས་ཏེ། དངོས་གནས་སྐོར་ཞིབ་དག་ཐེར་དང་གྲུབ་འབྲས་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་དགོས། སྐོར་ཞིབ་བྱ་ཡུལ་ས་ཁུལ་དང་སྡེ་ཁག་གིས་སྐོར་ཞིབ་དག་ཐེར་ལ་རྒྱུན་མཐུད་ངང་སྐུལ་འདེད་ཤུགས་ཆེན་བཏང་སྟེ། གནད་དོན་འབུར་ཐོན་ཅན་དང་དཀའ་གནད་ཅན་ལ་དམིགས་ནས། རྒྱུན་རྣམ་གྱི་ཡུན་ཕན་དག་ཐེར་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། གནད་དོན་དག་ཐེར་ཡོ་བསྲང་བྱེད་པ་དེ་དངོས་གནས་བཅོས་སྐྱོང་གི་ཕན་འབྲས་སུ་བསྒྱུར་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་འགན་འཁྲི་འཁུར་མཁན་དང་པོའི་འགན་འཁྲི་ནན་ཏན་གྱིས་སྒྲུབ་པ་དང་། དག་ཐེར་ཡོ་བསྲང་གི་ཆབ་སྲིད་འགན་འཁྲི་ནན་མོ་སྒྲུབ་དགོས།
གྲོས་ཚོགས་སྟེང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་རུ་སྣེ་འཁྲིད་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་དང་དེ་མིན་ཀྲུང་དབྱང་ཁེ་ལས་ལ་ཐུག་འཕྲད་གནང་ཚུལ་དང་། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་དང་། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་འབྲེལ་ཡོད་དོན་ཚན་སྐོར་གྱི་སྙན་ཞུར་ཉན་ལ། 《ཕྱུགས་བཀག་དང་རྩྭ་ཕྱུགས་དོ་སྙོམས་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བྱ་ཐབས་འགའ》ལ་གྲོས་ཞིབ་བྱས་པ་དང་། དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།
ཤ་བོ་རིན་མཚོས་བསྒྱུར།