ཚེས4ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་པེ་ཅིང་དུ་ཀྲི་ལིའི་ཕྱི་འབྲེལ་པུའུ་ཀྲང་ཧྥན་ཁི་ལཱ་ཝུའེ་ལོན་དང་གྲོས་མོལ་གནང་།
ཝང་དབྱི་ཡིས་བསྟན་དོན། སང་ལོ་ནི་ཀྲུང་གོ་དང་ཀྲི་ལི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ55འཁོར་བ་དང་། རང་མོས་ཚོང་དོན་གྲོས་ཆོད་ལ་མིང་རྟགས་བཀོད་ནས་ལོ20འཁོར་བའི་ལོ་ཞིག་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཀྲི་ལི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་ཡག་པོ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་སྔར་ལས་ཤུགས་བསྣན་ཏེ། ཀྲི་ལི་རྒྱལ་ཁབ་དེ་ཀྲུང་གོ་དང་ལ་ཏེན་མེ་གླིང་གི་སྤུས་ཚད་མཐོ་བས“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་པའི་དཔེ་མཚོན་ཞིག་ཏུ་འགྱུར་དུ་འཇུག་རྒྱུ་ཡིན།
ཧྥན་ཁི་ལཱ་ཝུའེ་ལོན་གྱིས་བསྟན་དོན། ཀྲི་ལི་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱེད་བཞིན་ཡོད། “རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་མཉམ་སྐྲུན་གཏིང་ཟབ་བྱ་རྒྱུ་ནི་ཀྲི་ལིའི་ཏང་ཁག་བརྒལ་བའི་ཕྱོགས་ཁག་གི་ཐུན་མོང་ངོས་འཛིན་ཞིག་རེད། ཀྲི་ལི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཐོ་རིམ་འགྲོ་འོང་གཏིང་ཟབ་ཏུ་གཏོང་བ་དང་། མི་གཞུང་བརྗེ་རེས་ལ་ཤུགས་སྣོན་པ། ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད།
ཤ་བོ་རིན་མཚོས་བསྒྱུར།