ཟླ12པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གཞུང་ལུགས་མ་ལག་ཞིབ་འཇུག་ལྟེ་གནས་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་མཉམ་དུ་སྒྲུབ་པའི“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་གཏིང་ཟབ་ཏུ་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏིང་ཟབ་ཏུ་གཏོང་བའི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན”ཞེས་པའི་གཞུང་ལུགས་བགྲོ་གླེང་ཚོགས་འདུ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭར་འཚོགས།
ཉིན་དེར། མཚོ་སྔོན་ཞིང་ཆེན་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གཞུང་ལུགས་མ་ལག་ཞིབ་འཇུག་ལྟེ་གནས་ཀྱི་ཁོངས་གཏོགས་ལས་ཁུངས་དང་མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭའི་ཁོངས་གཏོགས་ཀྱི་ཆེད་མཁས་པ་དང་། གཞུང་ལུགས་བྱ་བ་སྒྲུབ་མཁན་བརྒྱ་དང་ལྔ་བཅུ་ལྷག་ཙམ་མཉམ་དུ་འཛོམས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་ལ་དམ་པོར་དམིགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་གཏིང་ཟབ་ཏུ་གཏོང་རྒྱུ་གཙོ་ཐིག་ཏུ་བྱེད་པ་དང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་བསྐྲུན་རྒྱུ་སྣེ་འཁྲིད་དུ་བྱེད་པ། རིགས་སོ་སོའི་མི་དམངས་རྒྱ་ཁྱབ་ངང་འགྲོ་འོང་དང་། ཕྱོགས་ཡོངས་ནས་བརྗེ་རེས་དང་མཉམ་འདྲེས་གཏིང་ཟབ་བཅས་ལ་སྐུལ་འདེད་ནུས་ལྡན་གཏོང་བ། དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ། སྤྲོ་སེམས་འཁོལ་བའི་ངང་བགྲོ་གླེང་བྱས་ཤིང་། ཉམས་མྱོང་དང་གྲུབ་འབྲས་བརྗེ་རེས་བྱས་ནས། བསམ་བློ་གཅིག་མཐུན་དང་ལག་ལེན་གསར་གཏོད་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་སྤེལ་བཏང་།
ཚང་མས་བལྟས་ན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ནི་རྒྱལ་ཁབ་གཅིག་གྱུར་གྱི་རྨང་གཞི་དང་། མི་རིགས་མཐུན་སྒྲིལ་གྱི་རྩ་བ། བསམ་པའི་སྟོབས་ཤུགས་ཀྱི་བླ་སྲོག་བཅས་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གཞུང་ལུགས་མ་ལག་ཞིབ་འཇུག་ལྟེ་གནས་ཀྱིས་ཏང་གི་གཞུང་ལུགས་གསར་གཏོད་ལ་ཞིབ་འཇུག་དང་འཆད་འགྲེལ་བྱེད་པའི་རུ་སྣེའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། གཞི་རིམ་གྱི་རྨང་གཞིའི་གཞུང་ལུགས་དང་དོན་དངོས་ཀྱི་གནད་དོན་གལ་ཆེན་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་པ། གཏིང་ཟབ་ཅིང་གནད་ལ་འཁེལ་བའི་གཞུང་ལུགས་ཀྱི་གྲུབ་འབྲས་འབོར་ཆེན་ཞིག་བཏོན་ནས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཚན་རིག་དང་མཐུན་པའི་ཐབས་ཇུས་ལ་རིག་སྟོབས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱས། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བའི་གཞུང་ལུགས་ཞིབ་འཇུག་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་། མི་རིགས་གཞུང་ལུགས་ཞིབ་འཇུག་ཁྱབ་ཁོངས་ཀྱི་གནས་ཚུལ་གལ་ཆེན་དུས་ཐོག་ཏུ་གོང་ཞུ་བྱས་ནས། རིན་ཐང་ལྡན་པའི་ཐབས་ཇུས་དང་གྲོས་འགོ་མང་པོ་བཏོན་ཏེ། མཚོ་སྔོན་ཞིང་ཆེན་གྱི་མི་རིགས་གཞུང་ལུགས་ཞིབ་འཇུག་དང་ལག་ལེན་ལ་དགེ་མཚན་ལྡན་པའི་བྱས་རྗེས་བཞག་ཡོད། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ངེས་པར་དུ་བློ་ལ་བརྟན་པོར་ངེས་པར་བྱས་ནས། དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བའི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་གཙོ་ཐིག་ཏུ་འཛིན་པ་རྒྱུན་འཁྱོངས་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་བསྐྲུན་པའི་བྱ་བ་རྒྱ་ཁྱབ་ངང་སྤེལ་བ། མི་རིགས་སོ་སོ་ཕྱོགས་ཡོངས་ནས་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། བསམ་བློའི་ངོས་འཛིན་དངོས་གནས་མཐོ་རུ་བཏང་ནས་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ་དང་ལག་ལེན་གཏིང་ཟབ་ཏུ་གཏོང་བའི་ཐད་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པར་བྱེད་དགོས། འགན་འཁྲི་འཁུར་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ་དུས་རབས་ཀྱི་བླང་བྱ་དང་འཚམ་པ་དང་། ཚན་རིག་དང་མཐུན་པའི་ཐབས་ཇུས་ལ་ཞབས་འདེགས་ཞུ་བའི་ཐད་བྱས་རྗེས་གསར་པ་འཇོག་དགོས། གསར་གཏོད་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་དང་རིག་གཞུང་གསར་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་བའི་ཐད་བྱས་རྗེས་གསར་པ་འཇོག་པ། ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་སྙིང་རུས་ལྷོད་མེད། ཡང་འབད་བསྐྱར་འབད་དང་གྲུབ་འབྲས་མང་ཙམ་ལེན་པ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་གཞུང་ལུགས་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཐད་མཚོ་སྔོན་མདུན་གྲལ་དུ་བསྐྱོད་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།
ཤ་བོ་རིན་མཚོས་བསྒྱུར།