ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས།
2024.12.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ12པའི་ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ནན་ཧེ་རུ་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས་ནས། ད་ལོའི་དཔལ་འབྱོར་གནས་བབ་དང་སང་ལོའི་དཔལ་འབྱོར་བྱ་བའི་ཐད་ནས་དམངས་གཙོའི་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་པ་དང་། ཏང་ཁག་གང་ལའང་མི་གཏོགས་པའི་འཐུས་མིའི་བསམ་འཆར་དང་གྲོས་གཞིར་ཉན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན། སང་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་མཇུག་བསྡུ་བའི་ལོ་ཡིན་པས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་གསར་པའི་འདུ་ཤེས་ཆ་ཚང་ཞིང་ཡང་དག་ལ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་ངང་བསྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཏན་ཏིག་ངང་སྐུལ་འདེད་གཏོང་བ། སྔར་ལས་ལྷག་པའི་སྒོ་ནས་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྔར་ལས་ལེགས་པའི་སྒོ་ནས་སྤྱི་འདོམས་བྱེད་པ། སྔར་ལས་དགེ་མཚན་དང་ཕན་ནུས་ལྡན་པའི་སྤྱི་ཁོག་སྲིད་ཇུས་ལག་བསྟར་བྱེད་པ། རྒྱལ་ནང་གི་དགོས་མཁོ་རྒྱ་བསྐྱེད་པ། ཚན་རྩལ་གསར་སྐྲུན་དང་ཐོན་ལས་གསར་སྐྲུན་གྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཁང་པའི་ཁྲོམ་ར་དང་མ་རྐང་ཁྲོམ་ར་བརྟན་པར་བྱེད་པ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་དང་ཕྱི་ཕྱོགས་ཀྱི་བརྡབ་གསིག་འགོག་སེལ་བྱེད་པ། སྔོན་དཔག་བརྟན་པར་བྱེད་པ། གསོན་ཤུགས་འཕེལ་བར་བྱེད་པ། དཔལ་འབྱོར་རྒྱུན་མཐུད་ངང་ཇེ་བཟང་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་བ། མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་གཏོང་བ། སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པ། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དམིགས་འབེན་དང་ལས་འགན་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་འགྲུབ་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་རྩོམ་པའི་ཐད་རྨང་གཞི་བརྟན་པོ་འདིང་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཆང་དང་ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་བཅས་བཞུགས་མོལ་ཚོགས་འདུར་ཞུགས། ལིས་ཆང་གིས་ཀྲུང་གུང་ཀྲུང་དབྱང་གི་མངགས་བཅོལ་ལྟར་ད་ལོའི་དཔལ་འབྱོར་བྱ་བའི་འབྲེལ་ཡོད་གནས་ཚུལ་ཁྱབ་བསྒྲགས་མཛད་པ་དང་སང་ལོའི་དཔལ་འབྱོར་བྱ་བའི་འབྲེལ་ཡོད་བསམ་གཞིགས་ངོ་སྤྲོད་མཛད།

བཞུགས་མོལ་ཚོགས་འདུའི་སྟེང། གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲིན་ཅན་པང་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་ཏེན་ཀྲུང་ལིས། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མིན་ཅིན། ཀྲུང་གོ་དམངས་གཙོ་ཡར་སྐུལ་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥིན། ཀྲུང་གོ་ཞིང་བཟོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཧི་ཝེ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཅཱང་ཙའོ་ཅུན། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝེ་ཧྭ། ཐེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧོས། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་པའོ་ཞིན་ཧི་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད། ཁོ་ཚོས་ཀྲུང་གུང་ཀྲུང་དབྱང་གིས་མིག་སྔའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བརྡར་གཅོད་དང་སང་ལོའི་དཔལ་འབྱོར་བྱ་བར་འཆར་འགོད་བསམ་གཞིགས་བྱས་པར་ཁས་ལེན་བྱས་པར་མ་ཟད་སྤུས་གསར་ཐོན་སྐྱེད་ནུས་ཤུགས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་བ་དང་། སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་འོས་འཚམ་གྱིས་ཇེ་ཆེར་གཏོང་བ། ནོར་སྲིད་ཀྱི་མ་དངུལ་ཁེ་ཕན་མཐོར་འདེགས་གཏོང་བ། ཚན་རྩལ་གསར་གཏོད་དང་སྐྱེ་ཁམས་འཛུགས་སྐྲུན་ལ་ཤུགས་སྣོན་པ། ནུས་ཁུངས་འཛད་སྤྱོད་ཀྱི་སྐྱེ་ཁམས་གསར་པ་བསྐྲུན་པ། རྒྱལ་ཁབ་ཚོད་ལྟ་ཁང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། གསར་དར་རྩལ་ནུས་འཇོན་མིའི་ལས་ཞུགས་སྐུལ་སྤེལ་བྱེད་པ། དམངས་གཉེར་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ། འགྲམ་ངོགས་གཉིས་ཀྱི་མཉམ་འདྲེས་འཕེལ་རྒྱས་ཟབ་སྤེལ་བྱེད་པ་སོགས་ཀྱི་སྐོར་ནས་བསམ་འཆར་དང་གྲོས་གཞི་བཏོན།

ཚང་མའི་གཏམ་བཤད་ལ་ནན་ཏན་གྱིས་གསན་རྗེས། ཞི་ཅིན་ཕིང་གིས་ཚང་མས་ད་ལོའི་དཔལ་འབྱོར་བྱ་བའི་ཐད་ཀྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། སང་ལོའི་དཔལ་འབྱོར་བྱ་བའི་ཐད་བསམ་འཆར་དང་གྲོས་གཞི་མང་པོ་བཏོན་སོང་། ང་ཚོས་ནན་ཏན་གྱིས་ཞིབ་འཇུག་བྱས་ནས་སྡུད་ལེན་བྱེད་རྒྱུ་ཡིན་ཞེས་གསུངས།

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོར། སྔར་ལས་རྙོག་འཛིང་ཆེ་བའི་རྒྱལ་སྤྱི་དང་རྒྱལ་ནང་གི་ཁོར་ཡུག་ལ་འཕྲད་དུས། ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་གནོན་ཤུགས་ཐེག་པ་དང་དཀའ་ངལ་ཁྱད་སེལ། བབ་བརླིང་སྟབས་བསྟུན་དང་ཕྱོགས་བསྡུས་ཇུས་བསྟར་བྱས་པས། དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་བརླིང་དང་བརྟན་ཐོག་ཡར་འཕེལ་བྱུང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་གཙོ་བོ་བདེ་བླག་ངང་འགྲུབ་ཐུབ་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཐད་དུ་གོམ་སྟབས་བརྟན་པོ་སྤོ་ཐུབ།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ལོར། དམངས་གཙོའི་ཏང་ཁག་སོ་སོ་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་དམིགས་ནས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་དང་། རྒྱལ་སྤྱི་དང་རྒྱལ་ནང་གི་འཁོར་རྒྱུག་ཆེན་མོ་གེགས་མེད་ཡོང་བར་བྱེད་པ་གཙོ་གནད་དུ་བཟུང་ནས་བརྟག་དཔྱད་ཞིབ་འཇུག་བྱས་ལ། འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་དམངས་གཙོའི་ལྟ་སྐུལ་ལ་ཤུགས་བསྣན་ནས། ཀྲུང་གུང་ཀྲུང་དབྱང་ལ་རིགས་སོ་སོའི་བརྟག་དཔྱད་སྙན་ཞུ་དང་བསམ་འཆར་གྲོས་གཞི་ཕུལ་ཏེ། ཀྲུང་གུང་ཀྲུང་དབྱང་གིས་ཚན་རིག་དང་མཐུན་པར་ཐབས་ཇུས་འགོད་པ་དང་ནུས་ལྡན་སྒོས་ཇུས་གཞི་འདོན་པར་དཔྱད་གཞི་གལ་ཆེན་འདོན་སྤྲོད་བྱས་ཡོད། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་མཛད་ནས་ཚང་མར་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན།  སང་ལོའི་དཔལ་འབྱོར་བྱ་བ་ལེགས་པོར་བསྒྲུབ་དགོས་ན། ཐོག་མར་ངེས་པར་དུ་རྒྱལ་ཁ་ལེན་པའི་ཡིད་ཆེས་བརྟན་པོ་དགོས། རང་རྒྱལ་གྱི་དཔལ་འབྱོར་རྨང་གཞི་བརྟན་ལ་དགེ་མཚན་མང་བ་དང་།  མཉེན་གཤིས་དང་སྦས་ཤུགས་ཆེ་ཞིང་། ཡུན་རིང་འཕེལ་རྒྱས་ཀྱི་འདེགས་སྐྱོར་ཆ་རྐྱེན་དང་རྩ་བའི་འཕེལ་ཕྱོགས་ལ་འགྱུར་བ་བྱུང་མེད། ང་ཚོས་ཐབས་ཇུས་ཀྱི་ངེས་ཤུགས་སྲུང་འཛིན་བྱེད་པ་དང་། རང་འགུལ་སྒོས་རང་ཉིད་ལ་ཕན་པའི་ཕྱི་ཕྱོགས་ཁོར་ཡུག་བསྐྲུན་ནས། བློ་བརྟན་འགྱུར་མེད་ངང་རང་ཉིད་ཀྱི་བྱ་བ་ལེགས་པོར་བསྒྲུབ་སྟེ། ཕྱོགས་སོ་སོའི་རྒྱུ་རྐྱེན་ལེགས་ཤོས་ཚང་མ་འཕེལ་རྒྱས་ཀྱི་དངོས་འབྲས་སུ་བསྒྱུར་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སང་ལོའི་དཔལ་འབྱོར་བྱ་བ་ལེགས་པོར་བསྒྲུབ་དགོས་ན། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་མཉམ་དུ་འབད་བརྩོན་དང་དཀའ་སྤྱད་འབད་འཐབ་བྱེད་དགོས། མིག་སྔར། རང་རྒྱལ་འདི་ཉིད་གཏན་འཁེལ་མིན་པའི་རང་བཞིན་དང་འགྲན་སློང་མང་པོར་འཕྲད་ཡོད་པས། ངེས་པར་དུ་ཧ་ཅང་མཐོང་ཆེན་བྱས་ནས་ཐག་གཅོད་ནན་མོ་བྱེད་དགོས། ལོ་རེ་རེར་དཀའ་ཁག་དང་འགྲན་སློང་ལ་འཕྲད་སྲིད་མོད། ང་ཚོ་ནམ་ཡིན་རུང་དཀའ་ཁག་ཁྲོད་འཕེལ་རྒྱས་འགྲོ་བ་དང་ཉམས་ལེན་ཁྲོད་དར་རྒྱས་འགྲོ་བཞིན་ཡོད་པས། བྱ་བར་གྲ་སྒྲིག་གང་ལེགས་བྱེད་པ་དང་། འབད་བརྩོན་ལྷོད་མེད་བྱས་ནས་སང་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པ་དང་། བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གཏོད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་དམངས་གཙོའི་ཏང་ཁག་སོ་སོ་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ལ་ཐུགས་རེ་གསུམ་བཏོན་པ་སྟེ། གཅིག་ནི་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་སུ་བཏང་སྟེ། ཏང་དང་སྲིད་གཞུང་ལ་གཞོགས་འདེགས་བྱས་ནས་དཔལ་འབྱོར་བྱ་བ་ལེགས་པོར་སྒྲུབ་དགོས། སྤྱི་ཡོངས་ཀྱི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་ལྟ་བར་ཤུགས་སྣོན་པ་དང་། རང་རྟོགས་སྒོས་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྲོད་སྲིད་ཞུགས་ཏང་གི་ནུས་པ་འདོན་སྤེལ་བྱེད་དགོས། འཐབ་ཕྱོགས་གཅིག་གྱུར་གྱི་དམིགས་བསལ་དགེ་མཚན་འདོན་སྤེལ་བྱེད་པ་དང་། ཏང་དང་སྲིད་གཞུང་ལ་གཞོགས་འདེགས་བྱས་ནས་སྲིད་ཇུས་དྲིལ་སྒྲོག་དང་། སྔོན་དཔག་བརྟན་པར་བྱེད་པ། འགལ་བ་སེལ་བ་བཅས་བྱས་ཏེ། རྒྱ་ཆེའི་ཁོངས་མི་དང་འབྲེལ་ཡོད་མང་ཚོགས་ཀྱིས་ཕྱོགས་ཡོངས་དང་རྩོད་སྒྲུབ་ཀྱིས་དཔལ་འབྱོར་གནས་བབ་དང་འཕེལ་རྒྱས་གནས་ཚུལ་ལ་ལྟ་བར་ཁྲིད་སྟོན་བྱས་ནས། དབྱངས་རྟ་གཙོ་བོ་དཀྲོལ་ཞིང་དྲང་ནུས་བརྒྱུད་སྤྲོད་བྱེད་དགོས། གཉིས་ནི་འཇོན་མིའི་དགེ་མཚན་འདོན་སྤེལ་བྱས་ནས། ཀྲུང་གུང་ཀྲུང་དབྱང་གིས་ཐབས་ཇུས་འགོད་པར་ཇུས་འདོན་ཤུགས་འབུལ་བྱེད་དགོས། བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་བཅས་དང་འབྲེལ་བའི་འགག་རྩའི་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། རྒྱང་ལྟའི་རང་བཞིན་དང་ལག་བསྟར་རང་བཞིན་ལྡན་པའི་བསམ་འཆར་དང་གྲོས་གཞི་འདོན་དགོས། དམངས་གཙོའི་ལྟ་སྐུལ་གྱི་ངོ་བོའི་ངེས་གནས་དམ་འཛིན་ཡང་དག་བྱེད་པ་དང་། བྱ་བར་གཅིག་གྱུར་མཐུན་སྦྱོར་བྱེད་པར་ཤུགས་བསྣན་ནས། རྒྱལ་ཁབ་ཀྱི་འཐབ་ཇུས་སྣ་ཚོགས་ལག་བསྟར་བྱེད་པར་རམ་འདེགས་བྱེད་དགོས། གསུམ་ནི་རང་ངོས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། སྲིད་ཞུགས་སྲིད་གླེང་གི་ནུས་པ་སྔར་ལས་ཇེ་ཆེར་གཏོང་དགོས། འགོ་ཁྲིད་ཚན་ཁག་དང་རུ་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། བླང་བྱ་ནན་མོ་འདོན་པ་དང་ཚོད་འཛིན་ནན་མོ་བྱེད་པ། ལྟ་སྐུལ་ནན་མོ་བཅས་བྱས་ཏེ། རུལ་སུངས་བྱ་སྤྱོད་མཐོང་ན་ཆད་པ་ནན་མོ་གཅོད་པ་ལས་གུ་ཡངས་གཏམ་ནས་གཏོང་མི་རུང་། གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པ་དང་ཤེས་བྱ་གསར་སྒྱུར་ལ་ཤུགས་བསྣན་ཞིང་། ལག་ལེན་སྦྱོང་བརྡར་ལེགས་པོ་བྱས་ནས། འགན་སྒྲུབ་ནུས་པ་སྔར་ལས་ཇེ་ཆེ་དང་སྲིད་ཞུགས་སྲིད་གླེང་གི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་དགོས།

ཧྲི་ཐའེ་ཧྥིན་དང་ལིའུ་གོ་ཀྲུང་། ཧི་ལིས་ཧྥིན། ཀྲང་གོ་ཆིན། ཝུའུ་ཀྲིན་ལུང་། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ་སོགས་བཞུགས་མོལ་ཚོགས་འདུར་ཞུགས།

བཞུགས་མོལ་ཚོགས་འདུར་ཞུགས་པའི་ཏང་ཕྱིའི་མི་སྣ་ལ་ད་དུང་ཧྲའོ་ཧུང་དང་། ཧི་པའོ་ཞཱང་། ཝང་ཀོང་ཆཱན། ཆིན་པོ་ཡུང་། ཀྲུའུ་ཡུང་ཞིན། དབྱང་ཀྲིན། ཀྲང་ཨིན་ཏིས། ཨན་ལིས་ཅཱ། ཐེན་ཞོན་སོགས་ཡོད།

ལྷ་མོ་འཚོས་བསྒྱུར།