ཟླ12པའི་ཚེས9ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་ཏའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་གསར་སྤེལ་དངུལ་ཁང་གི་འགོ་གཙོ་ལཱོ་སའེ་ཧྥུའུ་དང་། འཛམ་གླིང་དངུལ་ཁང་གི་འགོ་གཙོ་ཕིན་ཨན་ཅེ། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་སྤྱི་འདོམས་པ་ཀི་ཨོར་ཨར་ཅི་ཡེ་ཝ། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་དབྱི་ཝེ་ལཱ། མཉམ་འབྲེལ་རྒྱལ་ཚོགས་ཉོ་ཚོང་དང་འཕེལ་རྒྱས་ཚོགས་འདུའི་དྲུང་ཡིག་ཆེན་མོ་ཀི་ལིན་སི་ཕན། རྒྱལ་སྤྱིའི་ངལ་རྩོལ་བཟོ་པའི་རྩ་འཛུགས་ཀྱི་སྤྱིའི་ལས་འཛིན་ཧུང་པོ། དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཁོ་ཨར་མན། རྒྱལ་སྤྱིའི་ཞིབ་རྩིས་དངུལ་ཁང་གི་སྤྱི་གཉེར་པ་ཁ་སི་ཐིན་སི། དངུལ་རྩ་བརྟན་བརླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ནོ་ཐི། ཨེ་ཤ་ཡའི་རྨང་གཞིའི་སྒྲིག་བཀོད་དངུལ་གཏོང་དངུལ་ཁང་གི་འགོ་གཙོ་ཅིན་ལིས་ཆུན་བཅས་དང་གླེང་མོལ་མཛད།
ཟླ12པའི་ཚེས9ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་ཏའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་གསར་སྤེལ་དངུལ་ཁང་གི་འགོ་གཙོ་ལཱོ་སའེ་ཧྥུའུ་དང་། འཛམ་གླིང་དངུལ་ཁང་གི་འགོ་གཙོ་ཕིན་ཨན་ཅེ། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་སྤྱི་འདོམས་པ་ཀི་ཨོར་ཨར་ཅི་ཡེ་ཝ། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་དབྱི་ཝེ་ལཱ། མཉམ་འབྲེལ་རྒྱལ་ཚོགས་ཉོ་ཚོང་དང་འཕེལ་རྒྱས་ཚོགས་འདུའི་དྲུང་ཡིག་ཆེན་མོ་ཀི་ལིན་སི་ཕན། རྒྱལ་སྤྱིའི་ངལ་རྩོལ་བཟོ་པའི་རྩ་འཛུགས་ཀྱི་སྤྱིའི་ལས་འཛིན་ཧུང་པོ། དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཁོ་ཨར་མན། རྒྱལ་སྤྱིའི་ཞིབ་རྩིས་དངུལ་ཁང་གི་སྤྱི་གཉེར་པ་ཁ་སི་ཐིན་སི། དངུལ་རྩ་བརྟན་བརླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ནོ་ཐི། ཨེ་ཤ་ཡའི་རྨང་གཞིའི་སྒྲིག་བཀོད་དངུལ་གཏོང་དངུལ་ཁང་གི་འགོ་གཙོ་ཅིན་ལིས་ཆུན་བཅས་དང་གླེང་མོལ་མཛད་དེ། “ འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་བསྒྲིལ་ནས་གོ་ལ་ཧྲིལ་པོའི་དར་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ་བརྗེ་རེས་ཟབ་མོ་གནང་།
ལིས་ཆང་གིས་བསྟན་དོན། མིག་སྔར་འཛམ་གླིང་གི་དཔལ་འབྱོར་འཕར་ཚད་ཞན་པ་དང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དང་ཕྱོགས་མང་རིང་ལུགས་ལ་འགོག་རྐྱེན་དང་འགྲན་སློང་ཐེབས་ནས་ངེས་གཏན་མེད་པའི་རང་བཞིན་སྔར་ལས་ཆེ་རུ་འགྲོ་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད་པས། ཕྱོགས་སོ་སོས་འཕེལ་རྒྱས་ལ་དམ་པོར་དམིགས་ཏེ་མཉམ་དུ་ཞི་བདེ་བརྟན་བརླིང་གི་འཕེལ་རྒྱས་ཁོར་ཡུག་ཅིག་གཏོད་དེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཆུ་ཚད་ཇེ་མཐོར་འགྲོ་བར་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོའི་ཐོན་རྫས་མཁོ་སྤྲོད་ཕྲེང་སྦྲེལ་བརྟན་པོ་དང་ཤར་གཏོང་ཐུབ་པར་སྲུང་སྐྱོང་བྱེད་པ། དཔལ་འབྱོར་འཕར་ཚད་ཀྱི་སྒུལ་ཤུགས་གསར་པ་སྐྱེད་སྲིང་བྱེད་དགོས།
ལིས་ཆང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ནི་དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དང་ཕྱོགས་མང་རིང་ལུགས་ཀྱི་བློ་རྩ་བརྟན་པོའི་སྲུང་སྐྱོང་པ་ཞིག་ཡིན། དུས་ཡུན་རིང་པོའི་ཚུན་ལ། ཀྲུང་གོའི་དཔལ་འབྱོར་གྱིས་འཛམ་གླིང་གི་དཔལ་འབྱོར་ལ་རྒྱུན་མཐུད་ངང་སྒུལ་ཤུགས་ཆེན་པོ་བསྣན་ཏེ། རང་ངོས་འཕེལ་རྒྱས་ཀྱི་ཁྱད་ཆོས་གསལ་བོ་ཉིན་བཞིན་མངོན་བཞིན་ཡོད། གཅིག་ནི་བརྟན་པོའི་ངང་འཕར་སྣོན་འབྱུང་བའི་འཁོར་སྐྱོད་ལམ་སྲོལ་ཡོད་པས། བརྟན་པོའི་ངང་ཡར་རྒྱས་བརྩོན་ལེན་དང་ཡུན་རིང་གི་འཆར་འགོད་རྒྱུན་འཁྱོངས་བྱེད་དགོས། ང་ཚོས་ལྡོག་པའི་དུས་འཁོར་སྙོམ་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཁོག་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ། ཐབས་བརྒྱ་ཇུས་སྟོང་གིས་ནང་མཁོ་རྒྱ་སྐྱེད་དང་འཛད་སྤྱོད་རྒྱ་སྐྱེད་པ། སྔར་ལས་ཆེ་བའི་སྒོ་ནས་གནད་དོན་མངོན་གསལ་ཅན་ཐག་གཅོད་བཅས་བྱས་ཏེ། དཔལ་འབྱོར་རྒྱུན་མཐུད་ངང་འཕར་སྣོན་དང་བཟང་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་དགོས། གཉིས་ནི་རྒྱུན་མཐུད་ངང་ཡར་ཐོན་འབྱུང་བའི་འཕར་སྣོན་གྱི་བར་སྟོང་ཡོད་པས། དགོས་མཁོ་གསར་པ་དང་སྒུལ་ནུས་གསར་པ་རྒྱུན་ཆད་མེད་པར་ཆགས་སྲིད། ང་ཚོས་སྔར་ལས་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་དང་། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། ཚན་རྩལ་གསར་སྐྲུན་དང་ཐོན་ལས་གསར་སྐྲུན་ལ་སྐུལ་འདེད་ཆེན་པོ་གཏོང་བ། དཔལ་འབྱོར་གྱི་ནང་གནས་སྒུལ་ཤུགས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་བ་བཅས་བྱེད་དགོས། གསུམ་ནི་དགེ་མཚན་ལྡན་པའི་ཕྱི་ཕྱོགས་ཀྱི་ཤུགས་རྐྱེན་ཡོད་པས། ཐོག་མཐའ་བར་གསུམ་དུ་འཛམ་གླིང་དང་འཕེལ་རྒྱས་ཀྱི་གོ་སྐབས་ལོངས་སུ་སྤྱོད་དགོས། ང་ཚོས་བློ་བརྟན་འགྱུར་མེད་སྒོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་འབྱེད་པར་སྐུལ་འདེད་གཏོང་བ་དང་། རང་བདག་སྒོ་འབྱེད་དང་ཕྱོགས་རྐྱང་སྒོ་འབྱེད་ཀྱི་སྲིད་ཇུས་སྔར་ལས་མང་པོ་འདོན་པ། གོ་ལ་ཧྲིལ་པོར་ཁ་ཕྱོགས་པའི་ཚད་གཞི་མཐོ་བའི་རང་མོས་ཉོ་ཚོང་ཁུལ་གྱི་དྲ་བ་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་མུ་མཐུད་དུ་གཏོད་དགོས། ཀྲུང་གོའི་དཔལ་འབྱོར་བཟང་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་དམའ་རིམ་གཏན་ཚིགས་ལ་འགྱུར་བ་བྱུང་མེད་པ་དང་། འཛམ་གླིང་ལ་ཕན་པའི་ཁ་ཕྱོགས་ཀྱི་རྩ་དོན་ལ་འགྱུར་བ་བྱུང་མེད་པ་དེ་ནི་ཀྲུང་གོའི་དཔལ་འབྱོར་དེ་འཛམ་གླིང་དཔལ་འབྱོར་གྱི་ཆེས་ཆེ་བའི་གཏན་ཁེལ་རང་བཞིན་ཡིན་པ་རེད།
ལིས་ཆང་གིས་བསྟན་དོན། ཀྲུང་གོས་ཕྱོགས་སོ་སོ་དང་མཉམ་དུ་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་དང་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་སྲུང་སྐྱོང་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་དཔལ་འབྱོར་རྩ་འཛུགས་ཁག་གིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་ནུས་པ་གལ་ཆེན་འདོན་པར་རྒྱབ་སྐྱོར་བྱེད་པ་དང་། རང་ཉིད་ཀྱི་ནུས་པ་དང་འཚམ་པའི་རྒྱལ་སྤྱིའི་འོས་འགན་ཧུར་ཐག་གིས་འཁུར་ཏེ། འཛམ་གླིང་གི་དཔལ་འབྱོར་སྐྱོན་བྲལ་དང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད།
རྒྱལ་སྤྱིའི་དཔལ་འབྱོར་རྩ་འཛུགས་ཀྱི་འགན་འཁུར་པས་ཀྲུང་གོའི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཆེན་པོར་ཚད་མཐོའི་བསྔགས་བརྗོད་བྱས་པར་མ་ཟད། ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བ་དང་ཆུ་ཚད་མཐོ་བའི་སྒོ་ནས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པ་རྒྱུན་འཁྱོངས་བྱས་ཏེ། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་རྩ་ཆེའི་བརྟན་བརླིང་རང་བཞིན་དང་སྒུལ་ཤུགས་ཆེན་པོ་བསྣན་པས། ཀྲུང་གོའི་དཔལ་འབྱོར་ཕྱོགས་སྒྱུར་དང་མ་འོངས་པར་ཡིད་ཆེས་ཀྱིས་ཁེངས་ཡོད། ཕྱོགས་ཁག་གིས་ཀྲུང་གོ་ཕྱོགས་དང་མཉམ་ལས་ལ་ཤུགས་བསྣན་ནས་ཕྱོགས་མང་རིང་ལུགས་དང་གོ་ལ་ཧྲིལ་པོ་ཅན་གྱི་འཕེལ་རིམ་ལ་མཉམ་དུ་སྲུང་སྐྱོང་བྱེད་པ་དང་། གྲོས་གཞི་སྔོན་ལ་འཕེལ་རྒྱས་གཏོང་བ། རང་མོས་ཉོ་ཚོང་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་འཇལ་བ་བཅས་བྱས་ཏེ། འཛམ་གླིང་གི་དཔལ་འབྱོར་བསྟུན་མཁས་ངང་འཕར་བར་སྐུལ་འདེད་གཏོང་བ་དང་། མཉམ་དུ་དར་རྒྱས་དང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།