གྲོལ་མ་ཐག་པའི་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་སྟེང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅི་ཕིང་གིས་གསུང་བཤད་གལ་ཆེན་གནང་སྟེ། 2024ལོའི་དཔལ་འབྱོར་ལས་དོན་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་གནང་བ་དང་མིག་སྔའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་རྟིང་ཐག་ཆོད་པ་གནང་བར་མ་ཟད། 2025ལོའི་དཔལ་འབྱོར་ལས་དོན་ལ་བརྒྱུད་རིམ་ཆ་ཚང་བའི་སྒོ་ནས་བཀོད་སྒྲིག་བཅས་བྱས་པ་ལས་གཞན། སང་ལོའི་དཔལ་འབྱོར་ལས་དོན་ཏན་ཏིག་ངང་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལས་རིགས་སོ་སོའི་མི་སྣས་འདོད་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཚོགས་འདུའི་བཀོད་སྒྲིག་ཁག་དོན་འཁྱོལ་ནན་ཏན་བྱེད་རྒྱུ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ཁྱོན་ཡོངས་ནས་ཡོངས་འགྲུབ་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕན་འབྲས་དངོས་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་ཟེར།
ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱིས་ངོས་འཛིན་བྱས་དོན། 2024ལོར་རང་རྒྱལ་གྱི་ཐོན་སྐྱེད་ནུས་ཤུགས་གསར་མ་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ཡོད་ཅིང་། བཅོས་སྒྱུར་སྒོ་འབྱེད་རྒྱུན་མཐུད་ངང་ཟབ་སྤེལ་དུ་ཕྱིན་པ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་གོ་རིམ་ལྡན་ལ་ནུས་ལྡན་ངང་སེལ་བ། དམངས་ཚིས་འགན་ལེན་ནུས་ལྡན་བཅས་བྱུང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྲ་ཞིང་བརྟན་པའི་གོམ་སྟབས་གསར་པ་སྤོས་ཡོད། ལས་རིགས་སོ་སོའི་མི་སྣ་དག་གིས་འདོད་དོན། ལོ་གཅིག་རིང་གི་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལོ་རྒྱུས་བརྒྱུད་རིམ་ནི་སྤྱིར་བཏང་གཏན་ནས་མིན་པ་ཞིག་ཡིན་ལ། དེས་བླངས་པའི་གྲུབ་འབྲས་ཀྱིས་མི་རྣམས་ལ་སྐུལ་ལྕག་ཆེན་པོ་ཐེབས་ཡོད་ཟེར།
གྲོས་ཚོགས་ལས་བསྟན་དོན། སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་ཅིས་ཀྱང་སྔར་ལས་དགེ་མཚན་ལྡན་པའི་ནོར་སྲིད་ཀྱི་སྲིད་ཇུས་དང་འོས་འཚམ་ལྷུག་གཏོང་གི་དངུལ་ལོར་སྲིད་ཇུས་ལག་བསྟར་བྱས་ནས། སྲིད་ཇུས་ཀྱི“ཐབས་མང་མཉམ་སྤྱོད”ཡག་པོ་བྱེད་དགོས། ལས་རིགས་སོ་སོའི་མི་སྣས་བཞེད་དོན། བྱེད་ཕྱོགས་དེས་སང་ལོའི་དཔལ་འབྱོར་ལས་དོན་ལ་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་གནང་ནས། དཀའ་ངལ་ལ་ལྟ་སྟངས་ཡང་དག་འཛིན་པ་དང་ཡིད་ཆེས་ཇེ་བརྟན་དུ་བཏང་སྟེ། ཕྱོགས་སོ་སོའི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་དེ་དག་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་ལ་འགྱུར་བར་རྩེ་གཅིག་ཏུ་འབད་རྒྱུ་ཡིན་ཟེར།
ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུ་ཡིས་འཛད་སྤྱོད་འཕེལ་བར་བྱེད་རྒྱུ་དང་དངུལ་གཏོང་གི་ཕན་འབྲས་ཆེ་རུ་གཏོང་བ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་གསར་མའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད་གཏོང་བ་སོགས་ཕྱོགས་དགུའི་ཐད་ནས་སང་ལོའི་དཔལ་འབྱོར་ལས་དོན་གྱི་ལས་འགན་གཙོ་བོར་བཀོད་སྒྲིག་གང་ལེགས་བྱས་ཡོད། ལས་རིགས་སོ་སོའི་མི་སྣས་འདོད་དོན། བསམ་བློ་དང་བྱ་སྤྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྟེང་ནས་གཅིག་གྱུར་ཏན་ཏིག་ཡོང་བར་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅུ་བཞིའི”འཆར་འགོད་ཀྱི་དམིགས་འབེན་ལས་འགན་སྤུས་ཚད་མཐོ་བའི་སྒོ་ནས་ཡོངས་འགྲུབ་བྱས་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་ཞིག་འཛུགས་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་རྒྱུ་ཡིན་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།