ཧྲིན་དབྱི་ཆིན་གྱིས་ཅང་སུའུ་རུ་རྟོག་ཞིབ་བྱས།
2024.12.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

ཉེ་ལམ། རྒྱལ་སྲིད་ཨུ་ཡོན་ཧྲིན་དབྱི་ཆིན་གྱིས་ཅང་སུའུ་རུ་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་བྱ་བར་རྟོག་ཞིབ་བྱས། ཁོ་མོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་བྱ་བའི་ཐད་ཀྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བཅས་ནན་ཏན་གྱིས་དངོས་འབེབས་བྱས་ཏེ། བཅོས་སྒྱུར་གསར་གཏོད་ཤུགས་དྲག་དང་ཧུར་ཐག་གི་ཁར་ཁུར་བྱེད་ཕྱོགས་ཀྱིས་དུས་རབས་གསར་བའི་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྟོབས་ཤུགས་འབུལ་དགོས་ཞེས་ནན་བཤད་བྱས།

ཧྲིན་དབྱི་ཆིན་དམག་དཔུང་གི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པའི་ཁམས་གསོ་ཁང་དང་། གཞི་རིམ་གྱི་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ཞབས་ཞུ་ལྟེ་གནས་རུ་བསྐྱོད་དེ། དམག་དཔུང་གི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པའི་ཁམས་གསོ་ཞབས་ཞུའི་དོ་དམ་དང་དམག་ཁུངས་ནས་ཕྱིར་བུད་པའི་དམག་མིའི་ཞབས་ཞུའི་མ་ལག་བསྐྲུན་པ་དང་དམག་བཀུར་ཁྱིམ་གཅེས་དང་སྲིད་བཀུར་དམངས་གཅེས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་དང་རྟོག་ཞིབ་བྱས་ཤིང་། དམག་དཔུང་གི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་དང་། དམག་ཁོངས་ནས་ཕྱིར་བུད་པའི་དམག་མི། གཞི་རིམ་གྱི་ལས་དོན་མི་སྣ་སོགས་དང་ངོ་འཕྲད་བརྗེ་རེས་བྱས། ཁོ་མོས་རྒྱལ་ཡོངས་ཀྱི་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ཏེ། དམག་དཔུང་གི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པའི་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་བྱ་བར་དོན་དངོས་སུ་ཤུགས་སྣོན་པ་དང་། ཞབས་ཞུ་འགན་སྲུང་བྱ་བ་ལེགས་སྒྱུར་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་བ། དམག་དཔུང་གི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པས་མུ་མཐུད་དུ་ནུས་པ་འདོན་སྤེལ་བྱེད་པར་སློབ་གསོས་ཁྲིད་སྟོན་བྱེད་དགོས། གཞི་རིམ་གྱི་ཞབས་ཞུ་ལྟེ་གནས་ཚད་ལྡན་ཅན་དང་། ཚུལ་མཐུན་ཅན། ཆེད་ལས་ཅན་དུ་འཛུགས་སྐྲུན་བྱེད་པར་མུ་མཐུད་སྐུལ་འདེད་བཏང་སྟེ། དམག་ཁོངས་ནས་ཕྱིར་བུད་པའི་དམག་མིར་ཐོག་མཐའ་བར་གསུམ་དུ་འགན་འཁྲི་ཁུར་ཞིང་བརྩེ་སེམས་ཡོད་པ། དྲོད་འཁོལ་ལྡན་པའི་ཞབས་ཞུ་སྒྲུབ་དགོས་ལ། འབད་པ་ཆེན་པོས་ཁོ་ཚོས་ལས་སྒྲུབ་ལས་སྤེལ་བྱེད་པར་གར་སྟེགས་བསྐྲུན་པ་དང་། གསར་གཏོད་སྟེགས་བུ་བཙུགས་ནས། ཁོ་ཚོར་སྔར་ལས་ལྷག་པའི་ཐོབ་སྣང་དང་། སྐྱིད་སྣང་། གཟི་བརྗིད་ཀྱི་ཚོར་སྣང་ཡོད་པར་བྱེད་དགོས་ཞེས་བསྟན།

ཧྲིན་དབྱི་ཆིན་གྱིས་དམག་བཀུར་ཁྱིམ་གཅེས་དང་སྲིད་བཀུར་དམངས་གཅེས་བྱ་བ་ནི་རང་རེའི་ཏང་དང་དམག་དཔུང་། རང་རྒྱལ་ཁབ་ཀྱི་མི་དམངས་བཅས་ལ་དམིགས་བསལ་དུ་ཡོད་པའི་སྲོལ་རྒྱུན་ལེགས་པོ་ཞིག་དང་ཆབ་སྲིད་ཀྱི་དགེ་མཚན་ཞིག་ཡིན་པས། དམག་བཀུར་ཁྱིམ་གཅེས་དང་སྲིད་བཀུར་དམངས་གཅེས་བྱ་བའི་རྐྱེན་སྲོལ་གསར་གཏོད་བྱས་ཏེ། དམག་བཀུར་ཁྱིམ་གཅེས་དང་སྲིད་བཀུར་དམངས་གཅེས་ཀྱི་དྲིལ་སྒྲོག་སློབ་གསོ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བ། དམག་བཀུར་ཁྱིམ་གཅེས་དང་སྲིད་བཀུར་དམངས་གཅེས་ཀྱི་ལས་དོན་རྒྱ་ཁྱབ་ཏུ་སྤེལ་བ་དང་། ཤུགས་ཆེན་པོས་དམག་མིའི་ཕྱོགས་གང་ཅིའི་ཐད་ཀྱི་སེམས་ཁྲལ་མེད་པར་བྱས་ནས། དམག་བཙུགས་ལོ་བརྒྱའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བར་སྟོབས་ཤུགས་འབུལ་དགོས་ཞེས་ནན་གྱིས་བསྟན།

རིག་འཛིན་སྒྲོལ་མས་བསྒྱུར།