ཚེས14ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཝང་དབྱི་ཡིས་པེ་ཅིང་དུ་ཧྥ་རན་སིའི་ཙུང་ཐུང་གི་ཕྱི་དོན་བློ་འདོན་པ་པོ་ནཱ་དང་ཀྲུང་གོ་དང་ཧྥ་རན་སིའི་བར་གྱི་འཐབ་ཇུས་གླེང་མོལ་ཐེངས་ཉེར་དྲུག་པ་བྱས།
ཝང་དབྱི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་མཱ་ཁེ་ལུང་གཉིས་ཀྱིས་མཉམ་འགུལ་དམ་ཟབ་གནང་ནས། ཀྲུང་གོ་དང་ཧྥ་རན་སི་དང་། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཁ་ཕྱོགས་གཏན་འཁེལ་གནང་ཡོད། སང་ལོ་ནི་ཀྲུང་གོ་དང་ཧྥ་རན་སིའི་བར་གྱི་འབྲེལ་བའི“ རབ་བྱུང”གསར་པ་ཞིག་གི་འགོ་རྩོམ་པའི་ལོ་རེད། ཀྲུང་གོས་ཧྥ་རན་སི་ཕྱོགས་དང་མཉམ་དུ་རང་བཙན་རང་བདག་དང་། ཕན་ཚུན་རྒྱུས་ལོན། གཟིགས་རྒྱང་རིང་བ། གཉིས་ཕན་མཉམ་རྒྱལ་བཅས་ཀྱི“ཀྲུང་གོ་དང་ཧྥ་རན་སིའི་སྙིང་སྟོབས”རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་དང་ཧྥ་རན་སིའི་བར་གྱི་འབྲེལ་བ་དེ་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་དང་། འཛམ་གླིང་ཞི་བདེ་དང་བརྟན་བརླིང་ཡོང་བར་སྐུལ་འདེད་གཏོང་བའི་ཡར་ཐོན་སྟོབས་ཤུགས་ཤིག་ཏུ་འགྱུར་བར་བྱེད་འདོད་ཡོད། གཅིག་ནི་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་མཛུབ་སྟོན་དུ་བཟུང་ནས། ཕྱོགས་གཉིས་བར་གྱི་འབྲེལ་བའི་དགེ་མཚན་ལྡན་པའི་གྲོས་རིམ་སྔར་ལས་མང་པོ་གཏོད་དགོས། གཉིས་ནི་དོན་གཉེར་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ཕྱོགས་གཉིས་ཀྱི་སྲོལ་རྒྱུན་གྱི་དགེ་མཚན་བེད་སྤྱོད་ཡག་པོ་བྱས་ཏེ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསར་གཏོད་དང་མཉམ་ལས་ཀྱི་མདུན་ལྗོངས་གསར་པ་གཏོད་དགོས། གསུམ་ནི་ཀྲུང་གོ་དང་ཧྥ་རན་སིའི་རིག་གནས་ཡུལ་སྐོར་ལོའི་དགེ་མཚན་ལྡན་པའི་ཕན་འབྲས་རྒྱུན་མཐུད་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་སྣ་འགྲོ་འོང་ལ་སྟབས་བདེ་བསྐྲུན་དགོས། བཞི་ནི་མཉམ་དུ་ཕྱོགས་མང་རིང་ལུགས་སྲུང་སྐྱོབ་བྱེད་དགོས།
པོ་ནཱ་ཡིས་ཧྥ་རན་སི་ཕྱོགས་ཀྱིས་ཧྥ་རན་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་བར་གྱི་སྲོལ་རྒྱུན་མཛའ་མཐུན་དང་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་ཕན་ཚུན་ཡིད་ཆེས་བྱེད་རྒྱུར་གཅེས་འཛིན་དང་། ཀྲུང་གོ་གཅིག་གི་སྲིད་ཇུས་བརྩི་སྲུང་ནན་མོ་བྱས་ཏེ། ཀྲུང་གོ་ཕྱོགས་དང་མཐོ་རིམ་བར་འགྲོ་འོང་དམ་ཟབ་དང་ལམ་སྲོལ་ཐད་གླེང་མོལ་ཡག་པོ་བྱེད་རྒྱུ་ཡིན། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་དམིགས་འབེན་ཆེན་པོ་གཏན་འཁེལ་བྱས་ནས། ཁྱབ་ཁོངས་ཁག་ཏུ་སྟོབས་དང་ལྡན་པ་དང་། གསར་གཏོད་ཀྱི་རང་བཞིན་ལྡན་པའི་མཉམ་ལས་ རྒྱ་སྐྱེད་གཏོང་བའི་རེ་བ་བཅངས་ཡོད་ལ། ཧྥ་རན་སི་ཡིས་དཔུང་ཁག་གི་འགྲན་རྒོལ་ལ་ངོ་རྒོལ་བྱས་ཏེ་རང་བཙན་རང་བདག་གི་ཕྱི་འབྲེལ་སྲོལ་རྒྱུན་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་ཞེས་བསྟན།
ཕྱོགས་གཉིས་ཀྱིས་ཕྱོགས་མང་མཐུན་སྦྱོར་དམ་ཟབ་བྱས་ཏེ། གནམ་གཤིས་འགྱུར་ལྡོག་དང་། སྐྱེ་དངོས་སྣ་མང་རང་བཞིན་། རྒྱུན་མཐུད་འཕེལ་རྒྱས། དབུལ་པོ་ཉུང་གཏོང་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཞེས་བསྟན།
ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཡོ་རོབ་བར་གྱི་དཔལ་འབྱོར་ཉོ་ཚོང་གནད་དོན་སྐོར་གླེང་སྐབས། ཝང་དབྱི་ཡིས་ཡོ་རོབ་ཕྱོགས་ཀྱིས་དགེ་མཚན་ལྡན་པའི་རྣམ་འགྱུར་བཟུང་ནས། མུ་མཐུད་དུ་གླེང་མོལ་བྱས་པ་བརྒྱུད་ཕྱོགས་གཉིས་ཀྱིས་དང་ལེན་བྱེད་ཐུབ་པའི་ཐག་གཅོད་བྱེད་ཐབས་འཚོལ་བའི་རེ་བ་བྱེད་བཞིན་ཡོད་ཅེས་ནན་གྱིས་བསྟན། པོ་ནཱ་ཡིས་ཧྥ་རན་སི་ཕྱོགས་ཀྱིས་ཉོ་ཚོང་དམག་འཐབ་ལ་རྒྱབ་སྐྱོར་མི་བྱེད་པ་དང་། ཡོ་རོབ་དང་ཀྲུང་གོའི་གཉིས་ཕན་མཉམ་རྒྱལ་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་བསྟན།
ཕྱོགས་གཉིས་ཀྱིས་ད་དུང་ཝུའུ་ཁི་ལན་གྱི་ཉམས་ཉེན་དང་། དབྱི་ལང་གི་ཉིང་རྡུལ་གནད་དོན། དབུས་ཤར་གྱི་གནས་བབ་སོགས་ལ་ལྟ་ཚུལ་བརྗེ་རེས་མཛད།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།