ཚེས13ཉིན་གྱི་དགོང་མོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧི་ལིས་ཧྥུན་གྱིས་མི་དམངས་ཚོགས་ཁང་ཆེ་མོར་ཧྥ་རན་སིའི་ཙུང་ཐུང་གི་ཕྱི་དོན་བློ་འདོན་པ་པོ་ནཱ་ལ་མཇལ་འཕྲད་གནང་།
ཧི་ལིས་ཧྥུན་གྱིས་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཧྥ་རན་སི་ནི་འཕེལ་རྒྱས་ལམ་བུའི་ཐོག་གི་དམིགས་བསལ་མཉམ་ལས་གྲོགས་པོ་ཞིག་ཏུ་བརྩི་བཞིན་ཡོད། ཀྲུང་གོས་ཧྥ་རན་སི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་གྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་ཡག་པོ་བྱེད་པ་དང་། འཐབ་ཇུས་གླེང་མོལ་ལ་ཤུགས་སྣོན་པ། སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ། ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་བརྟེན་ནས་ཀྲུང་གོ་དང་ཧྥ་རན་སིའི་བར་དང་ཀྲུང་གོ་དང་ཡོ་རོབ་བར་གྱི་དཔལ་འབྱོར་ཚོང་དོན་འབྲེལ་བ་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། མཉམ་དུ་འགྲན་སློང་ལ་ཁ་གཏད་ལེགས་པོ་འཇལ་ནས། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་འདོད་ཡོད་ཅེས་བསྟན།
པོ་ནཱ་ཡིས་ཧྥ་རན་སི་ཡིས་དགེ་མཚན་ལྡན་པའི་གླེང་མོལ་བརྒྱུད་སྒོ་འབྱེད་མཉམ་ལས་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་རྒྱུན་མཐུད་དང་། དོ་སྙོམས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།