ཧྲི་ཐའེ་ཧྥུན་གྱིས་ཀྲུང་གུང་ཀྲུང་དབྱང་གི་མངགས་བཅོལ་ལྟར་ཏང་ཕྱིའི་མི་སྣར་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བསྒྲགས།
2024.12.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ12པའི་ཚེས16ཉིན། ཀྲུང་གུང་ཀྲུང་དབྱང་གི་མངགས་བཅོལ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཧྲི་ཐའེ་ཧྥུན་གྱིས་ཏང་ཕྱིའི་མི་སྣར་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བསྒྲགས། 

ཧྲི་ཐའེ་ཧྥུན་གྱིས་བསྟན་དོན། ཐེངས་འདིའི་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ནི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་སྐབས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ད་ལོའི་དཔལ་འབྱོར་བྱ་བར་ཕྱོགས་ཡོངས་ནས་སྤྱི་སྡོམ་དང་། མིག་སྔའི་རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཡོད་ལ། སང་ལོའི་དཔལ་འབྱོར་བྱ་བའི་ལས་འགན་བརྒྱུད་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས་པ་དང་། ལྷག་པར་དུ་དུས་རབས་གསར་པར་དཔལ་འབྱོར་བྱ་བ་ཡག་པོར་སྒྲུབ་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་གནད་ལ་འཁེལ་བའི་སྒོ་ནས་རྒྱས་བཤད་བྱས་ཡོད་པར་མ་ཟད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་ཀྱིས་ཡོངས་སུ་ཁྱབ་ཡོད་པས། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སྔར་ལས་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་ཡོད་ལ། སང་ལོའི་དཔལ་འབྱོར་བྱ་བ་ཏན་ཏིག་ངང་ཡག་པོར་བསྒྲུབ་པ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་ཞིག་རྩོམ་པར་རྨང་གཞི་བརྟན་པོ་འདིང་ཆེད་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

ཧྲི་ཐའེ་ཧྥུན་གྱིས་བསྟན་དོན། འཐབ་ཕྱོགས་གཅིག་གྱུར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ཏེ། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་གུང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ནི་དཔལ་འབྱོར་བྱ་བ་ཡག་པོར་སྒྲུབ་པའི་རྩ་བའི་འགན་ལེན་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་པ། འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། བསམ་བློ་དང་བྱ་སྤྱོད་དེ་ཀྲུང་གུང་ཀྲུང་དབྱང་གིས་དཔལ་འབྱོར་གནས་བབ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་བརྡར་ཤ་བཅད་པ་དང་དཔལ་འབྱོར་བྱ་བའི་ཐབས་ཇུས་བཀོད་སྒྲིག་སྟེང་དངོས་སུ་གཅིག་གྱུར་ཡོང་བར་བྱས་ཏེ། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་སྔར་ལས་ཤེས་རྟོགས་གཏིང་ཟབ་བྱེད་པ་དང་། “འདུ་ཤེས་བཞི”རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་བ། “ཡིད་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱེད་དགོས།

ཧྲི་ཐའེ་ཧྥུན་གྱིས་དམངས་གཙོ་ཏང་ཁག་སོ་སོ་དང་། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་བཏོན་པའི་བཅོས་སྒྱུར་བྱེད་ཐབས་གལ་ཆེན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་གལ་ཆེན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་འགོའི་ཞིབ་འཇུག་འཆར་འགོད་བྱ་བ་སོགས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམིགས་ནས་རྟོག་ཞིབ་གཏིང་ཟབ་བྱས་ཏེ་སྤུས་ཚད་མཐོ་བའི་བསམ་འཆར་དང་གྲོས་གཞི་སྔར་ལས་མང་པོ་འདོན་རྒྱུའི་རེ་བ་ཡོད། དམངས་གཉེར་དཔལ་འབྱོར་མི་སྣར་ཁྲིད་སྟོན་བྱས་ཏེ་ཀྲུང་གུང་ཀྲུང་དབྱང་གི“གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”དང“བདེ་ཐང་གཉིས”སྐོར་གྱི་བྱེད་ཕྱོགས་དང་སྲིད་ཇུས་ལ་ཡིད་ཆེས་བརྟན་པོ་བྱེད་པ་དང་། རྩ་བའི་གནད་དོན་ཐད་གཡོ་འགུལ་མི་གཏོང་བ་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཐད་ཐེ་ཚོམ་མི་བྱེད་པ། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་ཁྲོད་བྱས་རྗེས་འཇོག་པ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་གསར་གཏོད་ལ་སྣེ་ཁྲིད་བྱས་ཏེ་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས། ཏང་ཕྱིའི་ཤེས་ལྡན་མི་སྣ་དང་སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣའི་གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་བསྐྱེད་པ་དང་། ཕྱོགས་ཡོངས་ནས་ཚན་རྩལ་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་གོ་སྐབས་སུ་བཟུང་སྟེ། རྨང་གཞིའི་ཞིབ་འཇུག་དང་། ཉེར་སྤྱོད་ཞིབ་འཇུག སྣོལ་སྡེབ་མདུན་གྲལ་ཁྱབ་ཁོངས་ཞིབ་འཇུག་བཅས་ལ་ཤུགས་སྣོན་པ། ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོ་དང་སྦྲེལ་མཐུད་བྱས་ཏེ། ཚན་ཞིབ་གྲུབ་འབྲས་ཀྱི་སྤོ་སྒྱུར་ཕན་ནུས་ཇེ་མཐོར་གཏོང་དགོས། དམངས་གཙོའི་ཏང་ཁག་སོ་སོ་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་ཆབ་སྲིད་ཀྱི་ཚོར་སྐྱེན་རང་བཞིན་དང་ཆབ་སྲིད་ཀྱི་དབྱེ་འབྱེད་ནུས་པ་སྔར་ལས་ཆེ་རུ་གཏོང་བ་དང་། བློ་རྩ་བརྟན་པར་བྱེད་པ། ཚད་གཞི་དག་པར་བྱེད་པ། དར་ཆ་གསལ་སྒྲེང་གི་སྒོ་ནས་ནོར་འཁྲུལ་ཡོ་བསྲང་དང་ལྟ་བ་ཡང་དག་འཛིན་ཕོད་པ། འབྲེལ་གཏུག་བྱེད་ཡུལ་མང་ཚོགས་ཀྱི་བསམ་བློའི་འགྱུར་བ་ལ་དོ་སྣང་དམ་ཟབ་བྱེད་པ། ཏང་དང་སྲིད་གཞུང་ལ་གཞོགས་འདེགས་བྱས་ནས་དོགས་གཞི་གསལ་འགྲེལ་དང་། བསམ་ཚུལ་མཐུན་སྦྱོར། འབྲེལ་བ་མཐུན་སྦྱོར། འགལ་བ་སེལ་བ་བཅས་ཀྱི་བྱ་བ་མང་ཙམ་སྒྲུབ་དགོས་པ་དང་། མཐུན་སྒྲིལ་འབད་འཐབ་ཀྱི་དྲང་ནུས་རྒྱུན་ཆད་མེད་པར་གཅིག་སྡུད་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ལ་ཕན་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་མཉམ་དུ་བསྐྲུན་དགོས། 

ཀྲིན་ཅན་པང་དང་། ཏེན་ཀྲུང་ལིས། ཧའོ་མེན་ཅིན། ཚའེ་ཏ་ཧྥུན།  ཧི་ཝེ། ཝུའུ་ཝེ་ཧྭ། སུའུ་ཧུའེ། ཧྲའོ་ཧུང་། ཀའོ་ཡུན་ལུང་། ཅང་ཙོ་ཅུན། ཧི་པོ་ཞང་། ཝང་ཀོང་ཆན། ཀྲུའུ་ཡུང་ཞིན། དབྱང་ཀྲིན་བཅས་ཚོགས་འདུར་ཞུགས། དམངས་གཙོའི་ཏང་ཁག་སོ་སོའི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས།

ཤ་བོ་གསེར་མཚོས་བསྒྱུར།