མཚོ་སྔོན་ཞིང་ཆེན་གྱི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག་གི་ཁྲིམས་འཛུགས་བྱ་བ་ཡག་པོར་སྒྲུབ་ནས། ཁྲིམས་འཛུགས་སྤུས་ཚད་དངོས་སུ་མཐོ་རུ་གཏོང་ཆེད། ཟླ12པའི་ཚེས12ནས་ཚེས13ཉིན་བར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་གིས་དགུན་དུས་ཀྱི་ཡུལ་སྐོར་འཕེལ་རྒྱས་གཙོ་གནད་དུ་བྱས་ཏེ། མཚོ་ཤར་གྲོང་ཁྱེར་ལའོ་ཏུའུ་ཆུའུ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་དུ་ཁྲིམས་འཛུགས་རྟོག་ཞིབ་བྱས།
རྟོག་ཞིབ་ཚན་ཆུང་དང་བཅས་པ་ལའོ་ཏུའུ་ཆུའུ་ཆི་ཐན་རྒྱལ་སྤྱིའི་གངས་ཤུད་ར་བ་དང་། མིན་ཡོན་རྫོང་གངས་དཀར་རི་བོའི་ཡུལ་སྐོར་སྣེ་ལེན་ལྟེ་གནས་སུ་བསྐྱོད་དེ་དགུན་དུས་ཀྱི་ཡུལ་སྐོར་འཕེལ་རྒྱས་བཏང་ཚུལ་ལ་རྟོག་ཞིབ་བྱས་པ་དང་། རྣམ་གྲངས་གསར་སྤེལ་གཉེར་སྐྱོང་དང་ཆ་ཚང་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་ཤིང་། འབྲེལ་ཡོད་འགན་འཁུར་བ་དང་། ཡུལ་སྐོར་ལས་དོན་པ། ཡུལ་སྐོར་པ་བཅས་ཀྱི་བསམ་འཆར་དང་གྲོས་གཞིར་ཉན།
རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་དགུན་དུས་ཡུལ་སྐོར་ཁྲོམ་ར་ཇེ་ལེགས་སུ་ཕྱིན་ནས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཡོད། 《རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་མགྱོགས་མྱུར་སྒོས་བསྐྲུན་ཏེ་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར》དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་བྱས་ནས། ཁྲིམས་འཛུགས་བྱ་བར་སྐུལ་འདེད་མགྱོགས་པོ་བཏང་སྟེ་མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་ཆེད་ཁྲིམས་སྐྱོང་གི་འགན་སྲུང་བྱེད་དགོས།
རྟོག་ཞིབ་ཚན་ཆུང་གིས་ནན་གྱིས་བསྟན་དོན། མཐོ་སྒང་ས་ཁུལ་གྱི་རིག་གནས་ཐོན་ཁུངས་དང་རང་བྱུང་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ། སྐྱེ་ཁམས་ལ་བརྟེན་ནས་ཡུལ་སྐོར་གྱི་སྤུས་ཚད་བསྐྲུན་པ་དང་། ཡུལ་སྐོར་ལ་བརྟེན་ནས་སྐྱེ་ཁམས་ཀྱི་རིན་ཐང་མངོན་པར་བྱས་ཏེ། སྐྱེ་ཁམས་ཡུལ་སྐོར་དེ་གསར་དར་གྱི་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་ཐོན་ལས་དང་། དམངས་འཚོའི་ཐོན་ལས། བདེ་སྐྱིད་ཐོན་ལས་བཅས་སུ་འགྱུར་རྒྱུར་སྐུལ་འདེད་བཏང་ནས། སྐྱེ་ཁམས་ཡུལ་སྐོར་གྱི་ཞིང་ཆེན་སྟོབས་ལྡན་འཛུགས་སྐྲུན་བྱ་ཆེད་དམངས་ཆེན་གྱི་སྟོབས་ཤུགས་འདོན་དགོས། དགུན་དུས་མཐོ་སྒང་གི་གངས་འཁྱགས་ཡུལ་སྐོར་ལ་ཤུགས་སྣོན་པ་དེ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་ས་འཛུགས་སྐྲུན་གྱི་གཙོ་གནད་བྱ་བར་བརྩིས་ནས། ཧུར་ཐག་གིས་མཐོ་སྒང་གི་སྤུས་ལེགས་ཐོན་ཁུངས་ཀྱི་ཁྱད་སྟོབས་ལ་གཞི་ཚུགས་ཏེ་དགུན་དུས་ཡུལ་སྐོར་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། གངས་འཁྱགས་ལུས་རྩལ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། གངས་འཁྱགས་དཔལ་འབྱོར་གྱི་རྒྱུ་རྐྱེན་གཙོ་བོར་འགན་ལེན་བྱ་ཤུགས་ཆེ་རུ་གཏོང་བ། ཁྱད་སྟོབས་རྒྱུན་ཆད་མེད་པར་འདོན་སྤེལ་བཅས་བྱས་ཏེ། “གྲང་བཟོའི་ཐོན་ཁུངས”དེ“ཚ་བའི་དཔལ་འབྱོར”དུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་དགོས།
ཤ་བོ་རིན་མཚོས་བསྒྱུར།