གོ་ལ་ཧྲིལ་པོའི་གློག་དྲ་ཆུང་གྲས་རྩིས་ནུས་ལྟེ་གནས་ཆེས་ཆེན་པོའི་དཔེ་སྟོན་ལས་གཞི་མཚོ་སྔོན་དུ་ལག་བསྟར་བྱེད་མགོ་བརྩམས།
2024.12.18 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 31

 ཟླ12པའི་ཚེས17ཉིན། ཀྲུང་གོའི་ཚྭ་འདམ་གཤོངས་སའི་ལྗང་མདོག་གློག་དྲ་ཆུང་གྲས་རྩིས་ནུས་ལྟེ་གནས་ཀྱི་དཔེ་སྟོན་ལས་གཞི་མགོ་རྩོམ་པའི་མཛད་སྒོ་ཟི་ལིང་དང་ན་གོར་མོ་ས་ཁུལ་གཉིས་སུ་དུས་གཅིག་ཏུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་ཟི་ལིང་གི་ཚོགས་ར་གཙོ་བོའི་བྱ་འགུལ་ལ་ཞུགས།

ཐེངས་འདིར་ལག་བསྟར་བྱེད་མགོ་བརྩམས་པའི་ཚྭ་འདམ་གཤོངས་སའི་ལྗང་མདོག་གློག་དྲ་ཆུང་གྲས་རྩིས་ནུས་ལྟེ་གནས་ཀྱི་དཔེ་སྟོན་ལས་གཞི་ནི་གོ་ལ་ཧྲིལ་པོས་གཞི་ཁྱོན་ཅན་གྱི་སྒོ་ནས་ཐང་རྒོད་ཅན་གྱི་ས་ཞིང་དང་འོད་ཤུགས་ནུས་ཁུངས་སྤྱད་དེ“རང་འཕེལ་དང་། རང་གསོག  རང་སྤྱོད། རང་སྲུང་”བཅས་བྱེད་པའི་ནུས་ཁུངས་གཙང་མ་ཡོངས་ཀྱི་གློག་དྲ་ཆུང་གྲས་ཀྱི་རྩིས་ནུས་ལྟེ་གནས་ཐོག་མ་དེ་ཡིན་ཞིང་། ལས་གཞི་བསྐྲུན་རྗེས་རྩིས་ནུས་སྟོབས་ཤུགས་ཁྲི་འདུས་ཐེག་ཐུབ་པ་དང་།  མ་ཁུངས་དྲ་བའི་རྩིས་ནུས་བབ་བསྟུན་བཀོད་སྒྲིག་དང་ལྗང་གློག་འགན་སྲུང་བྱེད་ཐུབ་པ་དེས།  མཚོ་སྔོན་ཞིང་ཆེན་གྱིས་ལྗང་མདོག་རྩིས་ནུས་མཐུན་སྦྱོར་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་ལྗང་མདོག་རྩིས་ནུས་ཐོན་ལས་རྟེན་གཞི་བསྐྲུན་པར་དཔེ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་ཡོད།

བྱ་འགུལ་མ་སྤེལ་བའི་སྔོན་ལ།  ཝུའུ་ཞའོ་ཅུན་གྱིས་ཁའོ་ཏ་ཞུན་ཧྥེ་ཀུང་སིའི་སྤྱི་འདོམས་པ་ཅང་ཐའོ་དང་། ཀྲུང་ཁའོ་ཧན་ཝུའུ་ཅི་ཚན་རྩལ་ཀུང་སིའི་སྤྱི་འདོམས་པ་གཞོན་པ་ལོ་ཐའོ་སོགས་ལ་ཐུག་འཕྲད་བྱས་པར་མ་ཟད་ཁོ་ཚོར་དགའ་བསུ་དང་བཀའ་དྲི་ཆེ་ཞུས།  ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར།  མིག་སྔར་མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་དེད་དེ་དཔའ་ངར་ཆེན་པོས་མདུན་སྐྱོད་དང་། མཐོ་སྒང་གི་ཐོན་ཁུངས་དང་ནུས་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ། ཡུལ་བབ་དང་བསྟུན་ནས་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་གཏོང་བ། རྒྱལ་ཡོངས་གཞི་གཅིག་ཅན་གྱི་རྩིས་ནུས་དྲ་བར་ཕྱོགས་ཡོངས་ནས་ཞུགས་པ། ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ཀྱི་ཚོད་ལྟའི་ལས་དོན་སྤེལ་བ་བཅས་བྱས་ཏེ། རིན་ཐང་མཐོ་བ་དང་། འདྲ་བཟོ་བྱེད་ཆོག་པ། ཁྱབ་གདལ་གཏོང་ཐུབ་པ་བཅས་ཀྱི་ལྗང་མདོག་རྩིས་གློག་མཐུན་སྦྱོར་དཔེ་སྟོན་རྣམ་པ་དང་བཀོལ་སྤྱོད་ནུས་པ་ཤུགས་ཆེན་པོས་གཏོད་བཞིན་ཡོད། ཕྱོགས་ཁག་གིས་ཐེངས་འདིའི་བྱ་འགུལ་སྤེལ་བའི་གོ་སྐབས་དང་བསྟུན་ནས། ལྗང་མདོག་རྩིས་གློག་གི་མཐུན་སྦྱོར་འཕེལ་རྒྱས་ལ་དམིགས་པ་དང་། སྲིད་གཞུང་དང་ཁེ་ལས་མཉམ་ལས་ཀྱི་ལེགས་ཆ་དང་། ཐོན་ཁུངས་ཀྱི་ལེགས་ཆ། ལག་རྩལ་གྱི་ལེགས་ཆ་བཅས་འདོན་སྤེལ་གང་ལེགས་བྱེད་པ། ལག་རྩལ་སྔོན་ཐོན་དང་། མཁོ་སྤྲོད་མཐུན་སྦྱོར། བདེ་འཇགས་ཡིད་རྟོན་བཅས་ཀྱི་ལྗང་མདོག་རྩིས་ནུས་ཀྱི་ཐོན་ལས་ཁྱུ་ཚོགས་མཉམ་དུ་བསྐྲུན་པ་བཅས་བྱས་ཏེ། “ཐཱན་གཉིས”ཀྱིས་སྣེ་ཁྲིད་དང་རྩིས་གློག་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་མཉམ་དུ་བཏོད་པའི་རེ་བ་བཅངས་ཡོད།

ཅང་ཐའོ་དང་ལོ་ཐའོ་ཡིས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་ཏེ། ཁེ་ལས་ཀྱི་ལག་རྩལ་དང་། ཤེས་ལྡན་མི་སྣ། ཁྲོམ་ར་བཅས་ཀྱི་ལེགས་ཆ་འདོན་སྤེལ་ལེགས་པོ་བྱས་ཏེ། མཚོ་སྔོན་གྱི་ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ལ་རམ་འདེགས་དང་།  ལས་གཞི་འཛུགས་སྐྲུན་དང་བཀོལ་སྤྱོད་ཇེ་མགྱོགས་སུ་བཏང་ནས། མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་ཁྲོད་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་རྒྱུ་ཡིན་ཞེས་བསྟན།

ཀྲང་ཅིན་ཀང་འབྲེལ་ཡོད་བྱ་འགུལ་ལ་ཞུགས།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།